ཐུགས་སེམས་བཟང་ན་སྨན་པ་མཁས་པ་མིན་ཀྱང་ཕན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༡༦ཉིན་སྤེལ། ད་ཆ་ང་ཚོ་འདིར་མཐུན་རྐྱེན་འཛོམས་པོ་དང་གོ་སྐབས་བཟང་པོ་ཡོད་སྟབས་རིག་པ་སྒྲིམ་དགོས་པ་དུས་རྟག་ཏུ་བསམ་བློ་འཁོར་གྱི་འདུག ཅེས་བཀའ་སློབ་སྩལ་གནང་འདུག

2016-12-13-Bangalore-GG08- DSC4835འདི་ཟླའི་ཕྱི་ཚེས་ ༡༤ ཉིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་བོད་ཀྱི་སྨན་རྩིས་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧མགོན་པོ་གང་ཉིད་མཆོག་གིས་སློབ་གཉེར་ཁང་དབུ་འབྱེད་མཛད་རྗེས་དགེ་ལས་སློབ་མ་དང་། ཕྱི་ནང་སྐུ་མགྲོན་སོགས་ལ་བཀའ་སློབ་སྩལ་དོན།
ལོ་རྒྱུས་ཡུན་རིང་ཡོད་པ་དང་། སོ་སོའི་སྐད་ཡིག་ལོགས་སུ་ཡོད་པ། སྐད་ཡིག་འདིའི་ནང་ཧ་ལམ་འཛམ་གླིང་འདིའི་སྟེང་ལྟ་གྲུབ་སྐོར་བཤད་པ་ཡིན་ན། ཕལ་ཆེར་ནཱ་ལེནྡྲའི་ལྟ་གྲུབ་ནི་ལྟ་གྲུབ་ཕྱུག་ཤོས་རེད་འདུག  འདི་ལྟ་བུའི་ལྟ་གྲུབ་ཕྱུག་པོ་འདི་དེང་སྐབས་བོད་ཡིག་ནང་མ་གཏོགས་སྐད་ཡིག་གཞན་ནང་ཕལ་ཆེར་མི་འདུག   དེ་འདྲའི་རླབས་ཆེན་མི་རིགས་རིག་གཞུང་ཕྱུག་པོ་ཡོད་པ་རྒྱུན་འཛིན་བྱེད་མཁན་སློབ་ཕྲུག་ཕོ་མོ་ཁྱེད་རང་ཚོ་གཙོ་བོར་གྱུར་པའི་དེ་རིང་འདིར་ཆེད་མངགས་མཛད་སྒོའི་སར་ཕེབས་པའི་མངའ་སྡེའི་ནང་སྲིད་བཀའ་བློན་མཆོག་དང་།    མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག དེ་བཞིན་རྒྱབ་སྐྱོར་གནང་མཁན་སྦྱིན་བདག་དང་སྐུ་མགྲོན་རྣམ་པ་བཅས་ལ་ཞུ་རྒྱུར། དེ་རིང་འདིར་ང་ཚོ་བཙན་བྱོལ་མི་སྡེ་ཞིག་གིས་ས་གནས་འདིར་དཀའ་ལས་བརྒྱབ་ཏེ་འཛུགས་སྐྲུན་གྲུབ་འབྲས་མིག་མཐོང་ལག་ཟིན་ཡོད་པ་དེ་འདྲ་ཞིག་བྱུང་བ་རེད། དེ་རིང་སྒོ་འབྱེད་མཛད་སྒོའི་ཐོག་བཅར་ཐུབ་པ་ཧ་ཅང་དགའ་པོ་བྱུང་། ཁྱེད་རྣམ་པ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གོང་གི་གསུང་བཤད་གནང་མཁན་ཚོས་དོན་སྙིང་ལྡན་པའི་བསླབ་བྱ་བཟང་པོ་དེ་འདྲ་གསུང་སོང་།  ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཤེས་རིག་བཀའ་བློན་ལ་ཆ་བཞག་ནའང་། སོ་སོར་ལས་འགན་ཞིག་ཡོད་རེད། ལས་འགན་ཡོད་པ་གཞིར་བཟུང་སོ་སོའི་མཐོང་ཚུལ་དང་རེ་འདུན་ཟོལ་མེད་བཤད་པ་དེ་དག་ཧ་ཅང་ཡག་པོ་བཤད་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་གཞོན་སྐྱེས་ཕོ་མོ་ཚོར་འདི་གཅིག་བརྗོད་འདོད་བྱུང་། ང་ཚོ་ཐོག་མར་བཙན་བྱོལ་ལ་འབྱོར་སྐབས་ང་རང་ཚོའི་ཆོས་དང་རིག་གཞུང་གཏིང་ཟབ་པོ་ཡོད་པ་དེ་དག་སོ་སོའི་ལུང་པའི་ནང་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད།   སྐད་ཆ་དམར་པོ་བཤད་པ་ཡིན་ན་བོད་མིས་བོད་པའི་ཆོས་དང་རིག་གཞུང་ལ་ཞེན་ཆགས་བྱེད་མཁན་ལ་ཁ་བྲལ་རིང་ལུགས་ཐོག་ཉེན་ཁར་རྩི་བཞིན་པའི་བཟོ་འདྲ་བོ་དེ་འདྲའི་གནས་སྟངས་ཤིག་ཆགས་ཡོད་སྟབས།   ཕྱོགས་མང་པོ་ཞིག་ནས་ང་རང་ཚོའི་ཆོས་དང་རིག་གཞུང་དེ་དག་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་ཞིག་རེད་འདུག

འོན་ཀྱང་ད་བར་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ཁོ་ནའི་འཛིན་པ་མ་གཏོགས་གཞན་ཕྱོགས་མང་པོ་ཞིག་ནས་གནོན་ཤུགས་ཧ་ཅང་སྤྲོད་བཞིན་འདུག དེ་འདྲ་ཞིག་གི་སྟེང་བཙན་བྱོལ་ལ་འབྱོར་བ་དེ་དག་ཕྱོགས་གཅིག་ནས་རང་དབང་ལུང་པའི་ནང་གནས་ཡོད། གཉིས་ནས་འཕགས་བོད་གཉིས་ཟེར་ནས་ལོ་རྒྱུས་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།

ངོས་ཀྱིས་ནམ་རྒྱུན་རྟག་པར་འདི་ལྟར་བཤད་ཀྱི་ཡོད། ང་ཚོ་བོད་པ་ལོ་རྒྱུས་ཐོག་དང་ནང་ཆོས་བོད་ལ་དར་བའི་རྗེས་ཀྱི་ལོ་རྒྱུས་ཐོག་ནས་མར་བཤད་པ་ཡིན་ན། ང་ཚོ་བོད་པ་ཚོ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གི་རྗེས་འཇུག་ལྟ་བུ་ཆགས་ཡོད། འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་ཧ་ལམ་ཆོས་དང་ལྟ་གྲུབ་ཆ་ནས་ང་ཚོ་དགེ་རྒན་དང་དགེ་ཕྲུག་ནང་བཞིན་ཆགས་ཡོད། དེ་ལྟ་བུའི་དམིགས་བསལ་གྱི་འབྲེལ་བ་ཆགས་ཡོད་པར་བརྟེན་འཕགས་བོད་གཉིས་ཀྱི་མིའི་བསམ་བློ་ནང་བོད་ཅེས་བརྗོད་དུས་རང་བཞིན་གྱི་སེམས་ཐག་ཉེ་བོ་ཡོང་བཞིན་འདུག མུ་སྟེགས་པ་ས་ཡ་བྱེ་བ་མང་པོས་ལྷ་ཆེན་དབང་ཕྱུག་ལ་དད་པ་བྱས་ནས་རྗེས་སུ་འབྲང་གི་ཡོད། ལྷ་ཆེན་དབང་ཕྱུག་གཏན་དུ་བཞུགས་ཡུལ་ནི་གངས་ཏེ་སེ་ཆགས་ཡོད། གངས་ཏེ་སེ་ནི་བོད་ནང་ཡོད། བོད་རྒྱ་ཆེའི་མི་མང་ནི་སངས་རྒྱས་པའི་ཆོས་བྱེད་མཁན་རེད། སངས་རྒྱས་པའི་ཆོས་བྱེད་མཁན་གྱི་སྟོན་པ་ཐུགས་རྗེ་ཅན་དང་། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་རྒྱ་གར་ཆགས་ཡོད། དེར་བརྟེན་གང་ལྟར་ཧིན་དུ་དུང་ཕྱུར་མང་པོ་ཞིག་གིས་སྨོན་ལམ་རྒྱག་ཡུལ་སྐྱབས་ གནས་ནི་བོད་ཀྱི་ལྷ་ལྟ་བུ་ཆགས་ཀྱི་འདུག ལྷ་ཆེན་དབང་ཕྱུག་གཙུག་ཏུ་བཞུགས་ཡུལ་གངས་ཏེ་སེ་ནི་བོད་ཀྱི་ས་ཁུལ་དུ་ཡོད་སྟབས། དེ་འདྲའི་ཐོག་ནས་དམིགས་བསལ་ཞིག་འདུག བོད་ནས་རྒྱ་གར་དུ་འབབ་པའི་ཆུ་བོ་གང་གཱ་གཙོ་བོར་གྱུར་པའི་གངས་ཏེ་སེ་དང་འབྲེལ་བ་ཡོད་པའི་ཆུ་བོ་དེ་དག་བདུད་རྩི་ལྟ་བུ་རྩི་གི་ཡོད་པར་བརྟེན་ཧ་ཅང་གི་འབྲེལ་བ་ཟབ་མོ་རེད་འདུག

ངོས་རང་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱང་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་ཆེན་དེར་རྒྱ་གར་ དུ་ཐེངས་དང་པོ་འབྱོར་སྐབས་རྒྱ་གར་ས་ཁུལ་ཁག་འགའ་ཤས་ནང་ལྟ་སྐོར་དུ་ཕྱིན་པ་ཡིན། སྐབས་དེར་སྦེང་ལོར་དང་ཕལ་ཆེར་མེ་སོར་ལའང་བསླེབས་པ་ཡོད། སྐབས་དེ་དུས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཅི་ལིངྒ་པ་མཆོག་ཡིན། ངོས་ཀྱིས་སྐབས་དེ་དུས་ནས་སྐུ་ཞབས་དམ་པ་ཁོང་ངོ་ཤེས་ཀྱི་ཡོད། ཁོང་ནི་སྐབས་དེ་དུས་ནས་དམིགས་བསལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཡིན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བོད་མི་ཁ་ཤས་ཤིག་རྒྱ་གར་དུ་བསླེབས་པ་རེད། སྐབས་དེ་དུས་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་ལ་བོད་པ་གནས་སའི་གཞིས་ཆགས་ཁག་གནང་སྐྱོང་ཡོང་བར་ཞུ་སྐབས་སྲིད་བློན་མཆོག་གིས་མངའ་སྡེ་ཚོར་ཕྱག་བྲིས་ཕུལ་བའི་ནང་ནས་མེ་སོར་མངའ་སྡེས་སེམས་ཁུར་ཆེན་པོས་དང་ལེན་གནང་འདུག
དེར་བརྟེན་རྒྱ་གར་ལྷོ་ཕྱོགས་ནང་བོད་མིའི་གཞིས་སྒར་ཆེ་ཤོས་རྣམས་ཚུགས་ཐུབ་པ་བྱུང་ཡོད་པ་མ་ཟད། ཆོས་སྒར་ཆེ་ཁག་ཀྱང་འདིར་འདུས་ཡོད། རྣམ་པ་ཚོས་ནི་ཅི་ལིངྒ་པའི་སེམས་ཁུར་ད་དུང་ཡིན་ནའང་འཁྱེར་བཞིན་འདུག་པར་ བརྟེན་བསྔགས་བརྗོད་ཞུ་རྒྱུ་ཡིན།

བོད་ནང་དཀའ་ངལ་འདི་ལྟར་འཕྲད་བཞིན་ཡོད་སྟབས། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས་བོད་པའི་ཆོས་དང་རིག་གཞུང་། ལྟ་གྲུབ་འདི་དག་བདག་པོ་བརྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རིག་གནས་ཆེ་བ་ལྔ་པོ་ནི་ང་ཚོ་བོད་པས་ད་བར་བདག་པོ་བརྒྱབ་ནས་ཉར་བ་འདི་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུའི་དུས་ཚོད་སླེབ་ཀྱི་ཡོད་པའི་བཟོ་འདྲ་ཞིག་འདུག དེར་བརྟེན་ཁྱེད་རང་ཚོ་གཞོན་སྐྱེས་དེ་དག་གང་ལྟར་ངོས་ཀྱི་མི་རབས་རྫོགས་པའི་རྗེས་སུ་ཁྱེད་རང་ཚོ་འགན་འཁྱེར་མཁན་ཆགས་ཀྱི་ཡོད། མཁྱེན་སོང་ངམ། ངོས་རང་ལོ་ ༨༡ སླེབས་ཡོད། ལོ་བཅུ་ཕྱིན་ན་དགུ་བཅུ་གོ་གཅིག་རེད། དེ་ནས་ལོ་ཉི་ཤུ་ཕྱིན་ན་བརྒྱ་དང་གཅིག་གི་སྟེང་སླེབ་ཀྱི་ཡོད། དེ་ནས་ཕལ་ཆེར་ཚུགས་ཀྱི་མ་རེད། ཁྱེད་རང་ཚོ་དེ་དག་མུ་མཐུད་ནས་དེའི་མཇུག་འཛིན་མཁན་ཆགས་ཡོད། དེར་བརྟེན་དེ་སྔ་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་རྩ་ཆེན་པོ་འདི་དག་བདག་པོ་བརྒྱག་ནས་བསྡད་པ་འདི་ད་ཆ་འཛམ་གླིང་འདིའི་ཁྲོམ་རའི་སྟེང་སྟོན་རྒྱུའི་དུས་ཚོད་སླེབ་འདུག ངོས་ཀྱིས་འཛམ་གླིང་གར་སར་སྐད་ཆ་བཤད་དུས་དོ་སྣང་བྱེད་མཁན་ཧ་ཅང་ཡོང་བཞིན་འདུག འདི་ངོས་རང་མཁས་དྲགས་ནས་བྱུང་བ་གང་ཡང་མ་རེད། ང་ཚོ་བོད་ལ་དེ་ལྟ་བུའི་སློབ་སྦྱོང་གཏིང་ཟབ་པོ་ཡོད་པའི་རྒྱུ་མཚན་གྱིས་ཚན་རིག་པ་དང་མཉམ་དུ་གྲོགས་པོ་སྒྲིག་ཐུབ་ཀྱི་འདུག་ཤེས་སོང་ངམ། དད་པ་གཅིག་པུའི་ཐོག་ཕྱིན་པ་ཡིན་ན་ཚན་རིག་པ་ཟེར་དུས་ཕྲན་བུ་ཟོན་བྱེད་དགོས་པའི་བཟོ་འདྲ་ཞིག་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།།

དབུས་བོད་ཀྱི་སྨན་རྩིས་ཁང་ནས་བོད་ཀྱི་སྨན་རྩིས་མཐོ་སློབ་གསར་པར་བྱིན་འབེབས་ཐུགས་སྨོན་མཛད་དེ་བཀའ་སློབ་སྩལ་དོན།
སངས་རྒྱས་བསྟན་པ་རྒྱས་པར་ཤོག ཅེས་སྨོན་ལམ་བརྒྱ་ཕྲག་སྟོང་ཕྲག་རྒྱག་པ་ཡིན་ནའང་ལག་ལེན་ངོ་མའི་ཐོག་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པར་སོ་སོས་ལག་ལེན་ཐོག་མ་འགེལ་ནས་ཡག་པོ་ཞིག་མ་བྱུང་ན་བསྟན་པ་རྒྱས་པར་ཤོག་ཟེར་རྒྱུ་ནི་ཚིག་ཙམ་རེད། དེ་བཞིན་གསོ་བ་རིག་པའི་བསྟན་པ་རྒྱས་རྒྱུ་གཙོ་བོ་ཁྱེད་རང་ཚོ་འབྲེལ་ཡོད། དགེ་རྒན་དང་སློབ་ཕྲུག་ཚང་མས་གསོ་བ་རིག་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་ཚང་མས་སེམས་ཤུགས་སྐྱེ། གཙོ་བོ་སེམས་པ་བཟང་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག

ནམ་རྒྱུན་ངོས་ཀྱིས་འདི་བཤད་ཀྱི་ཡོད། དེ་སྔ་བོད་ལ་བཤད་སྲོལ་ཡོད། སྨན་པ་བྱེ་བྲག་པ་ཞིག་གི་སྨན་དེ་ཙམ་ཕན་པོ་ཡོད་མ་རེད། གང་ཡིན་ཟེར་ན་ཐུགས་སེམས་དེ་དེ་འདྲ་ཞིག་ཡོད་རེད། སྨན་པ་བྱེ་བྲག་པ་ཞིག་མཁས་པའི་ཡོན་ཏན་དེ་ཙམ་མེད་ནའང་སྨན་ཧ་ཅང་ཕན་པོ་ཡོད། གང་ཡིན་ཞེ་ན། ཐུགས་སེམས་ཧ་ཅང་བཟང་པོ་ཡོད་རེད། ཅེས་དེ་འདྲ་བཤད་སྲོལ་ཡོད། སེམས་པ་བཟང་པོ་ཟེར་རྒྱུ་ནི་དུད་འགྲོ་ཡིན་ནའང་སེམས་པ་བཟང་པོ་ཡོད་ན་དགའ་པོ་བྱེད་ཀྱི་འདུག མི་ནི་ལྟ་ཅི་སྨོས།   དེར་བརྟེན་སེམས་པ་བཟང་པོ་ཡོད་ན། སེམས་པ་བཟང་པོའི་བདེན་པའི་ནུས་པ་ཞིག་ཡོང་གི་རེད། བོད་པའི་སྨན་གཞུང་དངོས་གནས་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་ཤིག་ལ་ Semi International medical conference ཚོགས་པ་རེད་ཅེས་དེ་འདྲ་བཤད་རྒྱུ་འདུག དེ་དུས་མཐུན་རྐྱེན་འཛོམས་ཁག་པོ་ཧ་ཅང་རེད། འགྲིམ་འགྲུལ་ཧ་ཅང་ཁག་པོ་རེད།

དེང་སྐབས་མཐུན་རྐྱེན་དང་འགྲིམ་འགྲུལ་དེ་དག་སྟབས་བདེ་པོ་ཆགས་ནས་ཡོད་དུས་དེ་དུས་ཆོས་རྒྱལ་ཚོས་དབུ་ཁྲིད་ནས་དེ་ཙམ་གནང་གི་ཡོད། ད་ཆ་ང་ཚོ་འདིར་མཐུན་རྐྱེན་འཛོམས་པོ་དང་གོ་སྐབས་བཟང་པོ་ཡོད་སྟབས་རིག་པ་སྒྲིམ་དགོས་པ་དུས་རྟག་ཏུ་བསམ་བློ་འཁོར་གྱི་འདུག

ང་ཚོར་གཞི་མ་ཡོད་པ་འདི་ད་དུང་མུ་མཐུད་ནས་ཡར་རྒྱས་གཏང་རྒྱུ་དང་། ལག་པས་སྨན་བརྡུང་རྒྱུ་བཟོ་འདྲ་བོ་དེ་ཚོའི་གྲས་ནི་སྔ་མོ་ཡར་རྒྱས་མེད་པའི་སྐབས་རེད། དེང་སྐབས་བོད་སྨན་འགྲོ་དོན་ཡག་པོ་བྱུང་བ་ཡིན་ན། འཛམ་གླིང་འདིའི་སྟེང་མི་ས་ཡ་མང་པོས་བེད་སྤྱོད་བྱེད་རྒྱུ་ཞིག་ཡོང་སྲིད་ཀྱི་རེད། དུས་དུས་ལ་གསོ་བ་རིག་པའི་སྐོར་ཚོགས་འདུ་འཚོགས་ཏེ་ཡུལ་འདྲ་མིན་ནས་བོད་པའི་གསོ་བ་རིག་པའི་ཐོག་དོ་སྣང་ཡོད་མཁན་དེ་འདྲ་གདན་འདྲེན་ཞུ་རྒྱུ་སོགས་མང་ཙམ་བྱེད་ཐུབ་ན་ཤུགས་མ་ཐུབ་ཀྱི་དྲིལ་བསྒྲགས་དང་དོ་སྣང་ཡོང་གི་རེད།

ཤོག་བུའི་ཐོག་བྲིས་པ་ཙམ་གྱི་དེ་འདྲ་ཙམ་རེད། ལྡི་ལི་ All India Medical Institute གི་སྨན་པ་ཆེ་བ་དེ་འདྲས་སྔོན་མ་བསྟན་འཛིན་ཆོས་གྲགས་དང་ཁོང་ཚོ་ཡོད་དུས་ཁོང་ཚོའི་སར་སྨན་པ་བསྟེན་ནས་སྨན་བཟའ་རྒྱུ་དེ་འདྲ་བྱུང་བ་རེད། ངོས་ཀྱི་ཉམས་མྱོང་ཐོག་ནས་བོད་པའི་སྨན་གྱི་ཐོག་ནས་ན་ཚའི་རྒྱུན་ཆད་རྒྱུ་འདྲ་བོ་ངོས་རང་ཆུང་དུས་སྐབས་ཁ་ལག་ཞག་ཚི་ཆེན་པོ་དེ་འདྲ་ཟ་བ་ཡིན་ན་སང་ཉིན་དེར་ན་བ་དེ་འདྲ་ཡོང་གི་ཡོད། ལོ་ཡར་རྒས་ཡོང་དུས་དེ་འདྲ་ཁྱོན་ནས་ཡོང་གི་མི་འདུག ངོས་ཀྱི་ཕོ་བའི་སྨན་རྟག་པར་ཟ་བཞིན་ཡོད། ཧ་ཅང་ཕན་གྱི་འདུག དེར་བརྟེན་བོད་སྨན་ལ་དངོས་འབྲེལ་གཞི་རྩ་ཡོད་པ་ཞིག་རེད་འདུག ད་དུང་འདིའི་སྟེང་ཡར་རྒྱས་གཏང་རྒྱུ་གང་འདུག་དེའི་ཐོག་བསམ་བློ་གཏང་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།