ནོ་སྦེལ་གཟེངས་རྟགས་མཛད་སྒོའི་ཉིན་བཀའ་ཤག་གི་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༡༢ཉིན་སྤེལ། ༧གོང་ས་མཆོག་གིས་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་ཀྱི་གཞུང་འབྲེལ་མཛད་སྒོའི་སྟེང་བཀའ་ཤག་གིས་གསུང་བཤད་གནང་འདུག

དེ་ཡང་བོད་མིའི་སྒྲིགས་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༧ འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱང་གནང་སོང་།

མཛད་སྒོ་འདིའི་སྐབས་ཀྱི་བཀའ་ཤག་གི་གསུང་བཤད་ཆ་ཚང་གཤམ་དུ་འཁོད་དོན།
༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་བདུན་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་སྐབས་འདིར་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་རང་ཅག་ཁ་བ་རི་པ་རྣམས་ལ་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་སྟེ་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག གཞིས་བྱེས་བོད་མི་ཡོངས་དང་། འདི་གར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་པའི་ཕྱི་ནང་གི་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་བདེན་དོན་འཐབ་རྩོད་དེ་བཞིན་འཚེ་མེད་ཞི་བ་དང་། བཟོད་སྲན། ཕན་ཚུན་གཉིས་ཕན་གཙོ་བཟུང་དང་། དེ་བཞིན་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནད་དོན་སོགས་རྩོད་རྙོག་ཇི་ཡོད་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པ་དང་། འགྲོ་བ་མི་ཙམ་མ་ཡིན་པར་སའི་གོ་ལའི་སྣོད་བཅུད་དང་སྐྱེ་ཁམས་ཡོངས་ལ་འཚེ་བ་སྤོང་དགོས་པའི་ཀུན་ཁྱབ་སེམས་ཁུར་གྱི་ལྟ་གྲུབ་ལམ་སྟོན་མཛད་པ་བཅས་ལ་ཡི་རངས་དང་བསྔགས་བརྗོད་ཀྱིས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་ཕུལ་ཡོད་པ་དང་། ལོ་རེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་སྙན་མཛད་འཕྲིན་ཡར་ངོའི་ཟླ་བ་ལྟར་འཕེལ་བཞིན་པའི་དབང་གིས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་ཀྱང་གཟེངས་བསྟོད་དང་ཕྱག་འཁྱེར་གྲངས་ ༡༥༠ ལྷག་འབུལ་བཞེས་བྱུང་ཡོད་པ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་གུས་བཀུར་ཆེ་ཤོས་ཞུ་ཡུལ་གྱི་དབུ་འཁྲིད་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསལ་པོ་མཚོན་ཐུབ།

ནོ་སྦེལ་གཟེངས་རྟགས་དགྱེས་བཞེས་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། “ཁྱེད་རྣམ་པས་བོད་ནས་ཡོང་བའི་གྲྭ་པ་སྙོམ་ཆུང་ཞིག་ལ་གལ་ཆེའི་གཟེངས་བསྟོད་འདི་འདྲ་ཞིག་གནང་བ་དེས་ངོས་རང་ལ་ཆེ་མཐོང་གི་ཚོར་བ་དང༌། སེམས་འགུལ་གཏིང་ཟབ་ཐེབས་བྱུང༌། ངོས་རང་དམིགས་བསལ་ཅན་གྱི་མི་ཞིག་མིན་ནའང་གཟེངས་བསྟོད་འདིས་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་དང༌། འཕགས་བོད་སྐྱེས་ཆེན་དམ་པ་རྣམས་ཀྱི་བསླབ་བྱ། གཞན་ཕན་དང༌། བྱམས་པ། སྙིང་རྗེ། འཚེ་བ་མེད་པ་བཅས་ཀྱི་སྙིང་པོ་ཉམས་ལེན་ཅི་ཐུབ་བྱས་པ་དེར་ངོས་འཛིན་གནང་བ་ཞིག་ཡིན་པར་ཡིད་ཆེས་ཡོད། ངོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མནར་གཅོད་འོག་ཚུད་པའི་སྐྱེ་བོ་སྤྱི་དང༌། འཛམ་གླིང་ཞི་བདེ་དང་རང་དབང་གི་དོན་དུ་འབད་བརྩོན་བྱེད་བཞིན་པའི་སྐྱེ་བོ་ཡོངས། ངོས་རང་ལ་བསླབ་བྱ་དང་སེམས་འགུལ་ཐེབས་སའི་འཚེ་མེད་ཞི་བའི་ལག་ལེན་བརྒྱུད་འགྱུར་བ་གཏོང་རྒྱུའི་ལམ་སྲོལ་དེང་དུས་ཡོད་པ་འདི་ཉིད་གསར་གཏོད་གནང་མཁན་བདག་ཉིད་ཆེན་པོ་གཱན་དྷི་མཆོག ཁྱད་པར་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སྙིང་སྟོབས་ཅན་གྱི་ངོས་ཀྱི་ཡུལ་མི་བོད་མི་ཕོ་མོ་ས་ཡ་དྲུག་གི་ཚབ་ཞུས་ཏེ་གཟེངས་བསྟོད་ངོས་བཞེས་ཞུ་ཡི་ཡོད།” ཅེས་བཀའ་གནང་ཡོད།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་༸གོང་ས་མཆོག་ལ་འབུལ་བཞེས་མཛད་པ་དེས་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་བ་དང་ཆབས་ཅིག བོད་ཀྱི་བདེན་དོན་སྐོར་རྒྱལ་སྤྱིའི་ནང་གོ་རྟོགས་དང་། དོ་སྣང་། རྒྱབ་སྐྱོར་ཇེ་ཆེར་འགྲོ་རྒྱུར་ཕན་ཐོགས་ཤུགས་ཆེ་བྱུང་ཡོད། ང་ཚོ་ཚང་མས་ངོས་འཛིན་གསལ་པོ་ཐུབ་དགོས་པ་ཞིག་ལ། རྒྱལ་སྤྱི་ཁྱོན་ཡོངས་ནས་བོད་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཤུགས་ཆེ་ཡོང་བཞིན་པ་འདི་དག་ནི་གཙོ་བོ་༸གོང་ས་མཆོག་གིས་བོད་མིའི་རང་དབང་འཐབ་རྩོད་འདི་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་ལ་བརྟེན་ནས་བསྒྲུབ་རྒྱུའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ཆོད་སེམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།

དེ་རིང་གི་དུས་ཆེན་གྱི་གོ་སྐབས་འདི་དང་བསྟུན་ནས་འདི་ལོའི་ནོ་སྦེལ་གཟེངས་རྟགས་བཞེས་མཁན་སྤྱི་དང་། ལྷག་པར་ཀོ་ལོམ་བྷི་ཡའི་སྲིད་འཛིན་ཧུའན་མེ་ནོལ་སན་ཊོས་ (Mr. Juan Manuel Santos) མཆོག་གིས་ཆོད་སེམས་བརྟན་པོའི་ཐོག་ལོ་ངོ་ལྔ་བཅུ་བརྒལ་བའི་རིང་གི་ནང་འཁྲུག་འཚེ་མེད་ཞི་བའི་ངང་སེལ་ཐབས་འབད་བརྩོན་གནང་བར་ཞི་བདེའི་གཟེངས་རྟགས་ཐོབ་པར་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་སྤེལ་ནས་མི་ལོ་ ༦༨ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་བརྩི་བྱེད་ཀྱི་ཡོད་རུང་། བློ་ཕམ་པ་ཞིག་ལ་ད་ལྟའང་བོད་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཚབས་ཆེ་གཏོང་མུས་ཀྱི་གནས་སྟངས་སོགས་ལ་གཞིགས་ཚེ་དེ་འདྲའི་ཉིན་མོ་ཞིག་ཏུ་སྲུང་བརྩི་བྱེད་འོས་མ་མཐོང་ནའང་། བཙན་གནོན་དང་དམ་བསྒྲགས་འོག་སྡུག་གཅོང་མནར་གཅོད་མྱོང་བཞིན་ཡོད་པ་དེ་དག་དྲན་གསོ་ཞུ་རྒྱུའི་དུས་ཚིགས་ཤིག་ལ་ངོས་འཛིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ནས་ཐུགས་ཁུར་བཞེས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་མིང་དོན་མཚུངས་པ་ཞིག་ལག་ལེན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་ནག་གི་རིག་གནས་གསར་བརྗེ་ཟེར་བའི་གཡོན་ཐལ་ཅན་གྱི་སྲིད་བྱུས་དེ་མཇུག་བསྒྲིལ་ནས་ད་ཆ་ལོ་ ༤༠ ཧྲིལ་པོ་སོང་ཡོད་ནའང་། བོད་ནང་ལ་མཚོན་ན་ལོ་རེ་བཞིན་དྲག་གནོན་དང་དམ་བསྒྲགས་ཇེ་ཆེར་བཏང་སྟེ་དེ་སྔའི་རིག་གནས་གསར་བརྗེའི་སྐབས་ཀྱི་སྲིད་བྱུས་སླར་ཡང་ལག་བསྟར་བྱེད་པ་བཞིན་ཆགས་ཡོད། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་ནི་འདི་ལོ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་ཆོས་བྱེད་གྲྭ་བཙུན་ཁྲི་ཚོ་བརྒལ་བའི་གྲྭ་ཤག་གཏོར་བཤིག་དང་། བཙན་དབང་གི་སྒོ་ནས་གྲྭ་བཙུན་ཕྱིར་འབུད་བཏང་དང་གཏོང་བཞིན་པའི་གནས་ཚུལ་རྣམས་འཛམ་གླིང་ཡོངས་ལ་ཁྱབ་ཡོད། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་གཏོར་བཤིག་དང་བཙན་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་འདོད་མོས་མེད་པ་གསལ་འདོན་བྱ་ཆེད་བཙུན་མ་གསུམ་ནས་རང་སྲོག་བཅད་ཡོད་པ་དང་། གྲྭ་བཙུན་ཕྱིར་འབུད་བྱས་པ་ཚོ་ཕྱིར་ལོག་མི་ཆོག་པའི་བཙན་བཀའ་བཏང་བར་ཡིག་ཐོག་ཁས་ལེན་བྱེད་དུ་བཅུག་འདུག།

དེ་མཚུངས་ཡ་ཆེན་སྒར་ནས་འདི་ལོའི་ཕྱི་ཟླ་ ༤ པ་ཙམ་ནས་འགོ་བཙུགས་ཏེ་བཙུན་མ་ཆིག་སྟོང་ཙམ་ཕྱིར་འབུད་བཏང་གནས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་སྙན་ཐོའི་ནང་བཀོད་ཡོད། དེ་ཡང་བཙུན་མ་དེ་དག་གི་ནང་མི་ཚོར་འཇིགས་སྐུལ་དང་། ཐོབ་ཐང་མེད་པ་བཟོ་རྒྱུས་མཚོན་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན་སྐོར་བཙན་བཀའ་བཏང་ཡོད། བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ནས་ཕྱིར་འབུད་བཏང་བའི་བཙུན་མ་རྣམས་རང་ཁྱིམ་དུ་ལོག་རྗེས་དགོན་སྡེ་གཞན་ནང་འཛུལ་ཞུགས་མི་ཆོག་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་དེས་དོན་དམ་གྱི་ཆོས་དད་རང་དབང་ཞིག་མེད་པ་ཀུན་གྱིས་ཤེས་གསལ་རེད།

དེ་ཙམ་མ་ཟད། བཙུན་མར་དམག་ཆས་གཡོགས་ནས་འདོད་པ་མེད་བཞིན་དུ་རྒྱལ་གཅེས་ཀྱི་གླུ་གཞས་གཏོང་བཅུག་པ་དང་། ཡང་སེར་མོ་བ་ཚོར་སྡིངས་ཆའི་ཐོག་བཙན་དབང་གིས་ཞབས་བྲོ་འཁྲབ་སྟོན་བྱེད་བཅུག་པ་ནི་འདུལ་ཁྲིམས་ལ་ཁྱད་གསོད་བྱེད་པའི་ཐ་ཤལ་གྱི་བྱ་སྤྱོད་དེ་ལྟ་བུའི་སྒོ་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་བཞིན་པ་བརྒྱུད་ལམ་ཁག་ནང་མཐོང་རྒྱུ་ཡོད། བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས་དྲན་གསོ་དང་བསྐྱར་སློང་ཡོང་རྒྱུའི་འཇིགས་སྣང་སྐྱེ་དགོས་པ་ཆགས་ཡོད། ལོ་རབས་དྲུག་ཅུའི་ནང་བོད་ཀྱི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱིས་གཙོས་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོར་བཏང་བ་དང་ཕྱིས་སུ་ཉམས་གསོ་ཕྲན་བུ་བྱུང་ཡོད་རུང་། དེ་སྔ་དགེ་འདུན་པ་སྟོང་ཕྲག་འགའ་ཤས་ཡོད་སར་བརྒྱ་ཕྲག་རེ་ཟུང་ཙམ་བར་ཚད་བཀག་བྱས་པ་ལྟར། བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ཙམ་མིན་པར་བོད་ནང་གི་དགོན་སྡེ་ཡོངས་རྫོགས་ཀྱི་གནས་སྟངས་དེ་ལྟར་བཟོ་མི་སྲིད་པའི་ངེས་པ་མེད། རྒྱལ་སྤྱི་ཁྱོན་ཡོངས་ནས་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་གཏོང་བཞིན་པའི་ཛ་དྲག་གནས་སྟངས་གི་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་སུ་རྒྱ་རིགས་ཆོས་ཞུགས་བྱེད་མཁན་ཡང་མང་དག་ཅིག་ཡོད་པ་དེ་དག་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སོང་། རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱ་རིགས་མང་ཚོགས་ནས་ཀྱང་བོད་རིགས་ཐེ་བའི་རྒྱ་རིགས་ཆོས་གྲོགས་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་བྱེད་རྒྱུ་ཡིན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་སྐུ་ཞབས་ལིའུ་ཞའོ་པོ་མཆོག་གློད་བཀྲོལ་དགོས་པ་དང་། ཁོང་དང་དགོངས་མཐུན་རྒྱ་རིགས་གཟུར་གནས་གསུམ་བརྒྱ་བརྒལ་བས་བཏོན་པའི་བཅའ་ཁྲིམས་ ༠༨ ཞེས་པའི་ནང་རྒྱ་ནག་མང་གཙོའི་བཅོས་བསྒྱུར་གཏོང་རྒྱུ་དང་། མཐའ་མར་རྒྱ་ནག་རྒྱལ་ཁབ་དེ་བཞིན་མནའ་མཐུན་མཉམ་འབྲེལ་གྱི་མང་གཙོའི་སྤྱི་ཚོགས་ཤིག་ཡོང་རེ་དང་། དེ་བཞིན་གྲངས་ཉུང་མི་རིགས་ཁག་དང་དཀའ་རྙོག་ཇི་ཡོད་གུ་ཤངས་དང་གཉིས་ཕན་ཐོག་ནས་བསལ་རྒྱུའི་དགོས་འདུན་བསམ་འཆར་བཏོན་པ་རྣམས་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

ད་ལྟའི་ཆར་རྒྱ་གཞུང་གི་བསྐྱར་བཅོས་བྱེད་བཞིན་པའི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཞེས་པའི་ཟིན་བྲིས་ནང་། ཆོས་ལུགས་སོ་སོ་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ཐོག་ཞབས་ཞུ་སྒྲུབ་དགོས་པ་དང་། ཆོས་ལུགས་བྱེད་སྒོ་དང་ཆོས་ལུགས་ཀྱི་མི་སྣར་སྟངས་འཛིན་ནན་པོ་བྱེད་རྒྱུ་མ་ཟད། དགོན་སྡེ་དང་། བཤད་གྲྭ། སློབ་གྲྭ་ཁག་ཀྱང་གཞུང་གི་ཐད་ཀར་སྟངས་འཛིན་བྱ་རྒྱུ་བཅས་གསལ་བ་ནི་ཆོས་དད་རང་མོས་ཟེར་བ་བཤད་པ་ཙམ་ལས་དོན་དངོས་སྟོང་པ་ཡིན་པ་གསལ་པོ་རྟོགས་ཐུབ།

ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་སྲིད་གཞུང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ལྟར་ན། ཆོས་དད་རང་དབང་ཐད་དམིགས་བསལ་གྱིས་དོ་འཁུར་བྱེད་དགོས་པའི་རྒྱལ་ཁབ་ ༩ ཐེར་འདོན་བྱས་པའི་ནང་རྒྱ་ནག་ཀྱང་ཚུད་ཡོད་པ་མ་ཟད་ཆོས་དད་རང་དབང་ལ་བརྡལ་བཤིག་བཏང་བའི་གནས་སྟངས་སྔ་ལོ་ལས་ཇེ་སྡུག་ཏུ་ཕྱིན་ཡོད། དེ་བཞིན་བོད་མིའི་རིག་གཞུང་དང་ཆོས་དད་ཐོག་སྟངས་འཛིན་དང་དམ་བསྒྲགས་ཤུགས་ཆེ་བྱེད་པ་དང་། བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱ་ནག་གཞུང་གི་གཏན་སྡོད་ལས་བྱེད་པ་ཚོས་ལྟ་རྟོག་ནན་པོ་བྱེད་བཞིན་པའི་ཐོག་ཆོས་བྱེད་གྲྭ་བཙུན་ཚོར་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་དྲིལ་བསྒྲགས་རྒྱ་ཆེ་སྤེལ་བཞིན་ཡོད་པ་སོགས་བཀོད་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་གཞན་དང་མི་འདྲ་བར་བོད་མི་ཚོར་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་མཇལ་དང་ཡུལ་སྐོར་སོགས་སུ་འགྲོ་བར་དམ་བསྒྲགས་ཀྱིས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་བྱེད་པ་དང་། ད་བར་ཕྱི་བསྐྱོད་ལག་འཁྱེར་ཉུང་ཤས་སྤྲད་ཟིན་པ་རྣམས་ཀྱང་བཙན་པོ་དབང་ཤེད་ཀྱིས་ཕྱིར་བསྡུ་བྱེད་བཞིན་ཡོད། དེའི་ནང་ནས་ཀྱང་ཉུང་ཤས་ཤིག་བལ་ཡུལ་དུ་འགྲོ་རྒྱུའི་ཐོངས་མཆན་ཐོབ་ནས་ད་ལྟ་བལ་ཡུལ་དང་རྒྱ་གར་གཉིས་སུ་ཡོད་པའི་ནང་པའི་གནས་ཆེན་ཁག་ཆོས་མཇལ་ཞུ་བར་ཡོང་བ་རྣམས་འཕྲལ་དུ་ཕྱིར་ལོག་མ་བྱས་ཚེ་ཉེས་ཆད་འགེལ་རྒྱུ་དང་། ཐོབ་ཐང་ཇི་ཡོད་མེད་པ་བཟོ་རྒྱུའི་ཉེན་བརྡ་དང་འཇིགས་བསྐུལ་བྱེད་པ་དང་། དེ་བཞིན་བོད་མི་རྣམས་བོད་ཀྱི་ས་ཆ་ནང་ཁུལ་དུ་འགྲོ་འདུག་གི་རང་དབང་ལ་ཡང་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད། ཨ་མདོ་དང་ཁམས་ཁུལ་ནས་ལྷ་ས་གཙོ་གྱུར་དབུས་ཁུལ་དུ་གནས་མཇལ་སོགས་ལ་འགྲོ་རྒྱུར་བཀའ་འཁྲོལ་རིམ་པ་ཞུ་དགོས་པ་དང་། བཀའ་འཁྲོལ་ཐོན་ཡང་གནས་མཇལ་ཞུ་ཡུན་རིང་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་པོ་བྱེད་བཞིན་པ་འདི་དག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་མདུན་སར་མི་རིགས་འདྲ་མཉམ་མེད་པ་མངོན་གསལ་དང་། ལྷག་པར་བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོར་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཀྱང་རེད་ཅེས་ཞུ་འདོད་བྱུང་།

བོད་མི་ཚོས་རང་ཉིད་ཀྱི་ཁྲིམས་མཐུན་ཐོབ་ཐང་སྲུང་སྐྱོབ་དང་མངོན་འདོད་ཁག་ཞི་བའི་སྒོ་ནས་བཏོན་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་དང་གཅར་བརྡུང་སོགས་བྱེད་བཞིན་ཡོད། བོད་རིགས་ན་གཞོན་བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་རྒྱ་ནག་དབུས་གཞུང་ལ་ཁྲིམས་ཀྱི་ནང་གསལ་ཐོབ་ཐང་ཡོང་ཆེད་ཁྲིམས་མཐུན་ཞུ་གཏུགས་བྱས་པར་ཁ་བྲལ་གྱིས་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་ཡོད། ཉེ་སྔོན་ཁམས་བདེ་ཆེན་རྫོང་དུ་རྒྱ་ནག་གིས་གཏེར་ཁ་བསྔོགས་འདོན་དང་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་ལས་གཞིར་ས་གནས་བོད་མི་ཚོས་ཞི་བའི་ཐོག་ནས་ངོ་རྒོལ་བྱས་པར་རྒྱ་གཞུང་གི་ཉེན་རྟོག་པས་གཅར་བརྡུང་དང་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད།

དེ་བཞིན་རྔ་བ་ཀིརྟི་དགོན་གྱི་གླིང་མདོའི་སྒོ་ཆེན་འགྲམ་དུ་བོད་ཀྱི་བུད་མེད་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་པར་རེ་རང་ཉིད་ཀྱི་སྤྱི་བོའི་གཙུག་ཏུ་བཀུར་ནས་ ‘༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་’ ཅེས་པའི་འབོད་སྒྲ་སྒྲོག་བཞིན་ཞི་བའི་རྔམས་སྟོན་བྱས་པར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ཆ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཉིན་ཤས་སྔོན་ཁམས་དཀར་མཛེས་ཁུལ་དུ་བོད་རིགས་ན་གཞོན་ཞིག་གིས་ཀྱང་’༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག’ ཅེས་ཞི་བའི་སྐད་འབོད་བྱས་པར་རྒྱ་གཞུང་གི་ཉེན་རྟོག་པས་དེ་འཕྲལ་འཛིན་བཟུང་བྱས་འདུག ལྷག་པར་རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་ལ་མོས་མཐུན་མེད་པ་གསལ་འདོན་བྱ་ཆེད་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༤༥ ཡིས་རང་ལུས་མེར་བསྲེགས་གནང་བ་དང་། བློ་ཕམ་པ་ཞིག་ལ་དེའི་ནང་ནས་ ༡༢༥ འདས་གྲོངས་སུ་གྱུར་ཡོད། དེ་མིན་ཉིན་ཤས་སྔོན་ཨ་མདོ་རྔ་བའི་སྐྱ་སེར་ཕོ་མོ་བཅུ་ལ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་སོགས་ཀྱི་དོན་རྐྱེན་ལ་ལོ་ལྔ་ནས་བཅུ་བཞིའི་བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག།

མདོ་དོན་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་མིའི་ཐོག་དྲག་གནོན་དང་གཡོན་ཐལ་ཅན་གྱི་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དང་། ཡང་ཕྱོགས་གཞན་ནས་དཔལ་འབྱོར་ལྷུག་གཏོང་གི་སྲིད་བྱུས་ཤིག་ཀྱང་འཛིན་ཁུལ་བྱེད་ཀྱི་ཡོད་ནའང་། ཇི་སྲིད་བོད་དོན་ཐག་གཅོད་མ་བྱུང་གི་བར་བོད་མི་ཚོའི་བློ་སེམས་ནམ་ཡང་འགུག་ཐབས་བྲལ་བ་ཞིག་ཡིན་པ་དེ་རྒྱ་གཞུང་གི་འགོ་འཁྲིད་ཚོས་ངོ་གསལ་པོ་འཕྲོད་པའི་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་དོན་དཀའ་རྙོག་བསལ་དགོས་པར་འབོད་སྐུལ་བྱེད་རྒྱུ་ཡིན། སྲིད་འཛིན་ཞི་ཅིན་ཕིང་ལ་ཏང་སྲིད་དམག་གསུམ་གྱི་དབང་ཆ་ཆ་ཚང་ཡོད་ཐོག་ཉེ་ཆར་དམར་ཤོག་ཚོགས་ཆེན་ཐེངས་དྲུག་པའི་ཐོག་དབུ་འཁྲིད་གོང་མ་དང་མི་འདྲ་བར་’ཏང་དང་རྒྱལ་ཁབ་ཀྱི་སྲོག་ཤིང་’ཞེས་པར་ངོས་འཛིན་བྱས་ཡོད། དེར་བརྟེན་ཆབ་སྲིད་ཀྱི་ཆོད་སེམས་ཤིག་ཡོད་ན་དབང་ཆ་དང་གོ་སྐབས་གཉིས་ཀ་ཡོད་པས་ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་དོན་འགྲིག་ཆགས་ཡོང་ཐབས་སུ་རྒྱ་གཞུང་གི་འགོ་འཁྲིད་དང་གྲོས་མོལ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་རྒྱ་གཞུང་གི་འགོ་འཁྲིད་ཚོར་སླར་ཡང་ནན་བརྗོད་བྱེད་འདོད་བྱུང་།

སྐུ་ཞབས་ཨེན་ཊོ་ནིའོ་གུ་ཊེར་རེ་སི་ (Mr. Antonio Guterres) མཆོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། ཉེ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་གོ་སྐབས་འདི་བརྒྱུད་ནས་རྒྱལ་སྤྱིའི་གནད་དོན་སྤྱི་དང་། ལྷག་པར་དབང་འཛིན་པ་ཚོའི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པ་ཚོའི་བདེ་དོན་ཆེད་ནུས་པ་ཐོན་པའི་ཞབས་ཞུ་སྒྲུབ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། འཆར་ལོའི་ཕྱི་ཟླ་དང་པོའི་ནང་ལས་འགན་དངོས་སུ་བཞེས་རྗེས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པ་དེ་གལ་གནད་ཆེ་ཤོས་སུ་བརྩི་གནང་ཡོང་བའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦཱན་ཀི་མུན་མཆོག་ (Ban Ki-Moon) གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁོར་ཡུག་སོགས་ཡར་རྒྱས་གཏོང་ཆེད་འབད་བརྩོན་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྐུ་ཞབས་ཛཱ་ཨིད་མཆོག་ (Prince Zeid) བླ་རུང་སྒར་གྱི་ཡ་ང་བའི་གནས་སྟངས་ལ་རྟོག་ཞིབ་དང་བོད་ལ་ཕེབས་འདུན་ཡོད་སྐོར་གསུངས་པ་ལྟར་དོན་འཁེལ་ཡོང་བ་ཞུ་རྒྱུ་དང་། འཆར་ལོའི་ཕྱི་ཟླ་ ༣ པའི་ནང་འཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༣༤ པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཐེ་བའི་རྒྱལ་སྤྱིའི་ཚོགས་ཁག་དང་། གྲོས་ཚོགས་འཐུས་མི། གསར་འགོད་པ། རང་དབང་ཅན་གྱི་རྟོག་ཞིབ་པ་བཅས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོག་ཆེད་ཕེབས་རྒྱུར་ཡང་རེ་འདུན་དང་དེ་མཚུངས་རྒྱ་གཞུང་ནས་ཀྱང་མཐུན་འགྱུར་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན།

རྒྱ་གཞུང་གི་དམ་བསྒྲགས་གནོན་ཤུགས་ཇི་ཡོད་ལ་མ་ལྟོས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་དུ་མ་དང་། ལྷག་པར་ཉེ་ཆར་སོག་ཡུལ་དུ་༧ཞབས་སོར་བདེ་འཁོད་ཀྱིས་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པ་དང་། དེ་བཞིན་རྒྱ་གར་གཞུང་ནས་ཀྱང་སྔར་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གཞུང་གི་གུས་བཀུར་ཞུ་ཡུལ་སྐུ་མགྲོན་ཞིག་ཡིན་སྟབས་རྒྱ་གར་ས་གནས་གང་ཞིག་ཏུ་ཕེབས་འདུན་གནང་ཡང་རང་དབང་གིས་ཕེབས་ཆོག་ཅེས་གསུངས་པ་ནི་རང་ཅག་བོད་མི་ཡོངས་ནས་དགའ་སྤོབས་བྱེད་འོས་པ་ཞིག་དང་རྒྱ་ནག་གཞུང་ལའང་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད། གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་དང་མངའ་སྡེའི་གཞུང་མང་གཉིས་གཙོ་གྱུར་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྒེར་ཁག་ནས་བོད་མི་རིགས་ཀྱི་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱི་ཁྱོན་ཡོངས་ལ་གནས་པའི་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་སྲིད་གཞུང་དང། དབུ་འཁྲིད། གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི། ཚོགས་སྒེར་བཅས་ཡོངས་ལའང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

རང་ཅག་བོད་མི་ཡོངས་ནས་དགའ་སྤྲོ་དཔག་མེད་བྱེད་དགོས་པ་ཞིག་ལ་ཉེ་སྔོན་པདྨ་བཀོད་དང་འཕན་པོའི་གཞིས་བྱེས་བོད་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགུང་ལོ་བརྒྱ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སླར་ཡང་སྩལ་ཕེབས་བྱུང་བ་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲིན་བླ་ལྷག་ཏུ་ཆེ་ཆེ་ཞུ་བ་དང་ཆབས་ཅིག རང་ཅག་གངས་ཅན་པ་ཡོངས་ནས་སྤྱི་མཐུན་བསོད་ནམས་གསོག་ཆེད། ཞབས་རིམ་གསོག་སྒྲུབ་དང་། རིང་མིན་དུས་འཁོར་དབང་ཆེན་སྐབས་དཀར་ཟས་ལ་བསྟེན་རྒྱུས་མཚོན་དགེ་སྦྱོར་ལ་གང་ཐུབ་འབད་འབུངས་བྱེད་དགོས། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཅི་གསུང་བཀའ་སྒྲུབ་ཞུས་པའི་སྒོ་ནས་བོད་མི་ནང་ཁུལ་མཐུན་ལམ་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་འབྱུང་བ། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ལ། ཞེས་དཔལ་ལྡན་སྲིད་སྐྱོད་མཆོག་གིས་སྒྲོག་སྦྱངས་གནང་བ་བཅས།།༔

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།