༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་བསྒྱུར་བསྐྱངས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༠༩ཉིན་སྤེལ། བོད་མིའི་བླ་ན་མེད་པའི་མགོན་པོ་གང་ཉིད་མཆོག་མཛད་འཕྲིན་བསྐྱང་ཆེད་བཞུགས་སྒར་ནས་ཆིབས་བསྒྱུར་བསྐྱངས་སོང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་བསྐྱང་ཆེད་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༨ ཉིན་གྱི་ཕྱེད་ཡོལ་ ༡ ཡོལ་ཙམ་ཐོག་བཞུགས་སྒར་ཕོ་བྲང་ནས་སྐུ་འཁོར་ལྷན་རྒྱས་ཆིབས་འགྲོ་བརྒྱུད་གྷ་གྷལ་གནམ་ཐང་དང་། དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་གནང་མཛད་པ་རེད།

དེ་ཡང་མཛད་འཆར་ལྟར་ན། ཕྱི་ཚེས་ ༩ ཉིན་མགོན་པོ་གང་ཉིད་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་བོད་ཁང་དང་བོད་ཀྱི་སྨན་རྩིས་ཁང་ཐུན་མོང་ཐོག་གོ་སྒྲིག་གནང་བའི་བོད་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་།

ཕྱི་ཚེས་ ༡༡ ཉིན་མྱ་ངན་མེད་གསོལ་གྲོན་ཁང་གི་ Convention Center ཞེས་པའི་ཚོགས་ཁང་དུ། དེང་གི་འཛམ་གླིང་ནང་བྱམས་བརྩེ་དང་རིས་མེད་ཀྱི་ཚུལ་ཁྲིམས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་མ་ཟད། ཕྱི་ཚེས་ ༡༤ ཉིན་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་དཔེ་མཛོད་ཁང་གསར་པ་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་ཡིན་འདུག

དེ་རྗེས་ཕྱི་ཚེས་ ༡༨ ནས་ ༢༠ བར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་ནང་། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་དང་ཚན་རིག་པའི་ལྷན་ཚོགས་ཐོག་ཤེས་པའི་རྣམ་གཞག་དང་། སྲོག་ཆགས་ཀྱི་བྱུང་རིམ་སྐོར་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་ལས་རིམ་ནང་ལྷན་ཞུགས་མཛད་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༡ ཉིན་དཔལ་ལྡན་འབྲས་དཀར་སྤུངས་པ་ཕྱག་བཏབ་ནས་ད་བར་མི་ལོ་ངོ་ ༦༠༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགྲོན་གྱི་གཙོ་བོར་ཆིབས་སྒྱུར་དབུ་བཞུགས་ཐོག  གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་པ་དགེ་འདུན་ཞལ་གྲངས་ ༧༠༠ ཙམ་ལ་ལྷ་རམས་དགེ་བཤེས་ཀྱི་ཕྱག་ཁྱེར་གསོལ་སྩལ་མཛད་རྒྱུ་དང་།

ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་བཙུན་མའི་ཁྲོད་དགེ་བཤེས་ཐོན་པ་བཙུན་མ་གྲངས་ ༢༠ ཙམ་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་སྩལ་མཛད་རྒྱུ་དང་།  དེ་ཉིན་གྱི་ཕྱེད་ཡོལ་དུ་མོན་གྷོ་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་བཅས་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་རྣམས་རེ་ཞིག་ལེགས་པར་གྲུབ་རྗེས།   སླར་ཡང་ལྡི་ལིར་ཆིབས་སྒྱུར་བསྐྱངས་ནས་རུ་སོག་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ཆེན་མོའི་ལེའུ་བརྒྱད་པའི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་། དེ་རྗེས་རྒྱ་གར་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ སྩལ་གནང་མཛད་ཆེད་ཆིབས་༸ཞལ་སྒྱུར་རྒྱུ་ཡིན་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།