ཕན་པ་དང་འདུན་པ་ཟེར་བ་དེ་གནད་འགག་ཆེན་པོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༠༢ཉིན་སྤེལ། ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་འདིའི་སྟེང་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཡོད་ཁོངས་ནས་ངོས་རང་ཡང་མི་ཞིག་ཡིན་སྟབས། ཕན་ཐོགས་གང་ཐུབ་བསྒྲུབ་ཐབས་བྱེད་བཞིན་ཡོད་ཅེས་བཀའ་སྩལ་གནང་སོང་།

Tibet-Longlife-2016དེ་རིང་སྔ་དྲོའི་ཚོུད་༨།༣༠ཐོག ངྷ་སའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ། གཞིས་བྱེས་འཕན་པོ་དང་པདྨ་བཀོད་སེར་སྐྱ་མང་ཚོགས་རྣམས་ཀྱིས་༧གོང་ས་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཐུགས་བཞེད་ལྷུན་འགྲུབ་ཡོང་སླད།  ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དབུ་བླ་སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་གནང་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

གོང་ཚེས་ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག  སྨིན་གྲོལ་གླིང་གི་དབུ་བླ་སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་དབུས་བསྟན་བཞུགས་བསྟར་འབུལ་མཁན་གཞིས་བྱེས་འཕན་པོ་དང་པདྨ་བཀོད་སེར་སྐྱ་མང་ཚོགས་རྣམས། དེ་མིན་བཙན་བྱོ་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམས། རང་རིགས་དང་གཞན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པ་བཅས་གཙུག་ལགས་ཁང་གི་སྟེང་འོག་གཉིས་སུ་ཁེངས་པའི་མི་གྲངས་༣༠༠༠བརྒལ་བ་ཞིག་འཛོམས་སོང་།

བསྟན་བཞུགས་བསྟར་འབུལ་གྲུབ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་སྩལ་དོན།
དེ་རིང་འདི་གར་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་མཇད་ནས་ཁྱེད་རང་ཚོ་པདྨ་བཀོད་དང་འཕན་པོའི་སྐྱིད་སྡུག་ཟེར་ནའང་འདྲ་གང་ལྟར་བྱེས་ལ་འཁོད་པའི་ཡུལ་མི་ཚོས་གཞིས་ལུས་མི་མང་ཚོའི་བསམ་པ་དང་འདུན་པའི་ཚབ་བྱས་ཏེ་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངོས་ལྟ་བུ་མཐའ་མལ་པ་ཞིག་ལ་སྐྱེས་འཆིའི་རང་དབང་མེད། འོན་ཀྱང་སུ་ཡིན་རུང་ཕན་པ་དང་འདུན་པ་ཟེར་བ་དེ་གནད་འགག་ཆེན་པོ་རེད། དེར་བརྟེན་ངོས་རང་ངོས་ནས་ཀྱང་།  ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་་ནས།  །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་འདི་རྟག་ཏུ་རྒྱག་བཞིན་ཡོད། ཚིག་ཙམ་གྱི་སྨོན་ལམ་མིན་པར་དངོས་གནས་སྙིང་ཁུང་རུས་པའི་གཏིང་ནས་སེམས་ཤུགས་སྐྱེས་ནས་ཉིན་རེ་བཞིན་དུ་སྨོན་ལམ་འདི་རྒྱག་གི་ཡོད།

དེ་འདྲ་ཡིན་དུས་ད་ལྟ་ངོས་ཀྱི་མི་ཚེ་འདིར་དངོས་སུ་མིག་མཐོང་ལག་ཟིན་གྱིས་སངས་རྒྱས་ཀྱི་བསྟན་པ་རེད། འགྲོ་བའི་དོན་ལ་ཕན་ཐོགས་གང་ཙམ་ཡོང་བསྡད་ཀྱི་ཡོད་རེད། དེ་དང་ཆབས་གཅིག་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་ཡོང་བསྡད་པ་གསལ་པོ་རེད། དེ་འདྲ་ཡིན་དུས་ཚེ་རབས་ནས་ཚེ་རབས་འགྲོ་བའི་དོན་སྐྱེས་རྒྱུའི་སྨོན་ལམ་བརྒྱབ་སྡོད་མཁན། སེམས་ཤུགས་སྐྱེས་སྡོད་མཁན་གྱི་མི་གཅིག་གིས་ཚེ་འདི་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་གང་ཙམ་ཡོང་བའི་སྐབས་ལ་འདུན་པ་སྐྱེས་ནས་འགྲོ་རྒྱུ་ནི་ཆོས་ཉིད་རེད། ངོས་ཀྱི་ངོས་ནས་འདུན་པ་འདི་ལྟར་སྐྱེ་བཞིན་ཡོད། ད་ལྟ་བཤད་མ་ཐག་པ་ལྟར།   བསྟན་པ་དང་འགྲོ་བའི་དོན་ལ་ཕན་རྒྱུ་ཟེར་བ་འདི་ངོས་རང་ཁྲིའི་ཐོག་བསྡད་ནས་བྱིན་རླབས་ཐོབ་རྒྱུ་ཟེར་བ་དེ་འདྲ་གང་ཡང་མེད།

སྟོན་པ་ཅོམ་ལྡན་འདས་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་མཚོན་པའི་གསུང་དེ་རྣམས་ཀྱི་དགོངས་དོན་རྒྱ་གར་གྱི་མཁས་པ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་དང་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ།  དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་དཔལ་ན་ལེནྡྲའི་མཁས་པ་ཚོའི་གཞུང་འདི་དག་རྒྱ་ཆེན་པོ་གང་ཡང་ངོས་ཀྱིས་མི་ཤེས། འོན་ཀྱང་སྙིང་དོན་ཞིག་འཛམ་བུ་གླིང་འདིའི་སྒང་ལ་རིས་སུ་མ་ཆད་པའི་ནང་པའི་ཡུལ་གྲུ་ཚོའི་ཆོས་གྲོགས་ཚོ་དང་ཕྱོགས་མཚུངས་ནང་པའི་ཆོས་ལ་ཞུགས་མེད་མཁན་ཆོས་བརྒྱུད་སྣ་ཚོགས་པའི་ཆོས་གྲོགས་ཚོར་ཡིན་ནའང་། གང་ལྟར་གཞན་ཕན་གྱི་བློ་འདི་ཚང་མས་ཐུན་མོང་ཐོག་གཅིག་གྱུར་གྱིས་ཉམས་ལེན་བྱེད་དགོས་པ་ཆགས་ཡོད། དེར་བརྟེན་ཕན་ཚུན་ཆོས་གྲོགས་ཀྱི་འདུ་ཤེས་ཐོག་ནས་བློ་སྐྱེས་ཞབས་འདེགས་བསྒྲུབ་རྒྱུ་ལྟ་བུ་བྱེད་བཞིན་ཡོད། བྱས་ནས་ཕན་ཐོགས་ཡང་གང་ཙམ་མཐོང་ཆོས་སུ་ཡོང་བཞིན་འདུག

ཕྱོགས་མཚུངས་ཆོས་དད་མེད་མཁན་ཚོ་ལ་མཚོན་ནའང་ཁོང་ཚོ་ཆོས་དད་མེད་མཁན་རེད། ཅེས་ཟུར་འབུད་མ་བྱས་པར་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་མི་ཞིག་ཡིན་སྟབས། སྨྲ་ཤེས་དོན་གོ་བ་མི་ཞིག་ཡིན་པར་བརྟེན། དུད་འགྲོ་བྱ་དང་བྱིའུ་རིགས་ནི་སྨྲ་ཤེས་དོན་གོ་བ་མིན་པར་བརྟེན་བྱེད་རྒྱུ་གང་ཡང་མེད། དུད་འགྲོ་ཉམ་ཐག་པ་དེ་འདྲ་མཐོང་། བྱ་བྱིའུ་ཉམ་ཐག་པ་དེ་འདྲ་མཐོང་སྐབས་སེམས་སྐྱོ་ནས་སྡོད་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་མེད། འགྲོ་བ་མི་ལ་སྐད་ཀྱི་ཐོག་ནས་གོ་བརྡ་སྤྲོད་རྒྱུ་ཞིག་ཡོད། དེར་བརྟེན་ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་འདིའི་སྟེང་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཡོད་ཁོངས་ནས་ངོས་རང་ཡང་མི་ཞིག་ཡིན་སྟབས། ཕན་ཐོགས་གང་ཐུབ་བསྒྲུབ་ཐབས་བྱེད་བཞིན་ཡོད། བསྒྲུབ་ཐུབ་རྒྱུ་ཁག་པོ་ཡིན་ནའང་སྤྱི་པའི་ལས་འགན་དེ་མི་སྒེར་སོ་སོར་ཡོད་སྟབས་དེ་འདྲའི་འདུ་ཤེས་དང་ངོས་འཛིན་དེ་ལྟར་ཐོག་ནས་ཞབས་འདེགས་སྒྲུབ་ཐབས་བྱེད་བཞིན་ཡོད་གང་ཙམ་ཕན་ཐོགས་འདུག དེའི་ཁྲོད་ནས་དམིགས་བསལ་ཆོས་དད་མེད་མཁན་ཚན་རིག་པ་མང་པོ་ཞིག་ཡོད། ཁོང་རྣམས་དང་འབྲེལ་བ་གང་ཙམ་ཡོང་བཞིན་ཡོད། དེ་འདྲ་ཡིན་སྟབས་གང་ལྟར་ད་ལྟ་དངོས་སུ་མཐོང་ཆོས་སུ་གཞན་དོན་བསྒྲུབ་རྒྱུ་གང་ཙམ་ཡོང་བཞིན་ཡོད་སྟབས། ངོས་ནས་ཀྱང་ལུས་རྟེན་འདི་ལོ་གང་མང་མང་ཞིག་འཚོ་ཐུབ་ན་བསམས་པའི་སྨོན་ལམ་འདི་ལྟར་བརྒྱབ་བཞིན་ཡོད་ལ་འདུན་པའང་དེ་ལྟར་གཏོང་བཞིན་ཡོད། དེའི་ཐོག་ནས་ཁྱེད་རང་ཚོ་ཡིན་ནའང་འདིར་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཁོངས་ཀྱི་ཆེ་བ་འདིའི་ཐོག་ནས་སྒྲུབ་པ་སྔོན་དུ་སོང་བའི་སྒོ་ནས་བརྟན་བཞུགས་གནང་བ་འདི་ལྟར་རེད། ནུས་པ་ཞིག་ངེས་པར་དུ་ཡོང་གི་རེད།  གཙོ་ཆེ་ཤོས་དད་པ་དང་དམ་ཚིག་གི་ནུས་པ་དེ་གཙོ་ཆེ་ཤོས་རེད། དད་པ་དང་དམ་ཚིག་ལྡན་པའི་ཐོག་ནས་གསུང་ཆོག་གནང་ནས་འདི་ལྟར་བྱུང་བ་རེད། ཐུགས་རྗེ་ཆེ། འཕན་པོ་བ་ཚོར་མཚོན་ནའང་ངོས་ཀྱིས་རྟག་ཏུ་འཕན་པོ་ཤིག་གཟན་པ།  ཞེས་རྩེད་མོ་དང་སྦྲགས་འདི་འདྲ་ཤོད་ཀྱི་ཡོད།  གང་ཡིན་བརྗོད་ན་འཕན་པོ་བ་ཚོས་ཤིག་སོགས་སེན་མོའི་བར་བཙིར་ནས་གསོད་སྐབས་གྲོད་པ་རྒྱག་རྒྱུ་གང་ཡང་མེད་ཀྱང་སེམས་ལ་ཕན་པོ་འདུག ཅེས་ཤོད་སྲོལ་ཡོད། ཅེས་ཞལ་ཤོབ་མཛད།

ཕྱོགས་མཚུངས་པདྨ་བཀོད་པ་བ་ཚོར་མཚོན་ན་བསམ་པ་རྣམ་དག་རེད། རྒྱ་གར་ཤར་ཕྱོགས་སུ་བོད་མིའི་གཞིས་ཆགས་ཁག་ཏུ་པདྨ་བཀོད་པ་མང་པོ་ཞིག་ཡོད། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའང་ཕལ་ཆེར་པདྨ་བཀོད་པ་རེད།  བདུད་འཇོམས་རིན་པོ་ཆེར་དགའ་ལྡན་ཕོ་བྲང་ལ་ཐུགས་ཞེན་ཧ་ཅང་ཡོད། ཧ་ལས་དགོས་པ་ཞིག་ཡོད། ངོས་རང་ཏོག་ཙམ་ཡ་མཚན་སྐྱེ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་ལམ་སྟོན་སྩལ་གནང་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།