རིག་གནས་གསར་བརྗེ་ལ་བསྐྱར་བལྟ་བྱེད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༢༨ཉིན་སྤེལ། གསར་བརྗེ་ཁ་ཤས་ཤིག་བྱེད་སྟངས་ཡིན་སྲིད་པ་ཞིག་རེད་མོད། བོད་ནང་དུ་རིག་གསར་གྱི་མིང་འཁུར་སྟེ་གཏོར་བཤིག་བྱེད་སྟངས་ནི་སེམས་པ་ཐང་ཐང་མེད་མཁན་ཞིག་གི་བྱེད་སྟངས་རེད་ཅེས་ཆོས་རིག་བཀའ་བློན་གྱིས་བརྗོད་སོང་།

Tibet-DIIR-2016དེ་རིང་སྔ་དྲོའི་ཚོུད་༡༠།༤༠ཐོག ངྷ་སའི་བཞུགས་སྒར་འཁྲིས་སུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ། ཕྱི་དྲིལ་འགྲེམ་སྟོན་ཚན་པའི་བཀོད་བསྒྲིག་འོག  བོད་ནང་གི་རིག་གནས་གསར་བརྗེ་ལ་བསྐྱར་བལྟ་བྱེད་པ་ཞེས་པའི་འགྲེམས་སྟོན་དབུ་འབྱེད་དང་བོད་ནང་གི་རིག་གནས་གསར་བརྗེ་ཞེས་པའི་བརྗོད་གཞིའི་ཐོག་བགློ་གླེང་བྱེད་རྒྱུ་བཅས་ཀྱི་བྱ་འགུལ་ཞིག་སྤེལ་སོང་།

དེའང་འགྲེམས་སྟོན་འདིའི་ཐོག་ཏུ་བོད་ཀྱི་བུད་མེད་གསར་འགོད་པ་དང་སྤྱི་ཚོགས་དཔྱད་བརྗོད་པ་སྐད་གྲགས་ཅན་ཚེ་རིང་འོད་གསར་ལགས་ཀྱིས་བརྩམས་པའི་(གསར་བརྗེ།)ཞེས་པའི་དེབ་བོད་བསྒྱུར་ཅན་དེ་རིན་མེད་འགྲེམས་སྤེལ་དང་། དེའི་ནང་གི་རིག་གནས་གསར་བརྗེ་སྐབས་ཀྱི་འདྲ་པར་གལ་ཆེ་ཤོས་ཁག་འགྲེམས་སྟོན་བྱས་སོང་།

དེ་ཡང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ད་རེས་ཀྱི་འགྲེམས་སྟོན་འདིའི་དགོས་དམིགས་སྐོར་ལ་གསུང་པ། ཁོང་གིས་བརྗོད་དོན།  བོད་ནང་དུ་རིག་གནས་གསར་བརྗེ་བྱུང་སྟེ་ལོ་༥༠འགྲོ་ཡོད་པ་དང་། མི་རབས་གསར་བ་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམས་པ་རྣམ་པས་རིག་གནས་གསར་བརྗེ་སྐབས་ཀྱི་དངོས་ཡོད་གནས་སྟངས་གསལ་བོར་ཤེས་ཆེད་དུ་འགྲེམས་སྟོན་འདི་ཞུས་པ་ཡིན། ཞེས་དང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། སྤྱིར་རྒྱ་ནག་ནང་རིག་གནས་གསར་བརྗེ་ནི་༡༩༦༦ལོར་རྒྱ་ནག་ཆབ་སྲིད་ཅུས་ཀྱིས་མོའོ་ཙེ་ཏུང་གི་ཟླ་༥ཚེས་༡༦ཉིན་གྱི་གསལ་བསྒྲགས། ཟེར་བ་དེར་གྲོས་འཆམ་བྱས་རྗེས་འགོ་འཛུགས་བྱས་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་བོད་ནང་དུ་རིག་གནས་གསར་བརྗེ་མ་ཐོན་གོང་ནས་དེ་ལྟ་བུའི་ལས་འགུལ་སྤེལ་ཟིན་ཡོད་པ་རེད།

དེ་ཡང་རྒྱ་ནག་དམར་ཤོག་གིས་༡༩༥༩ལོར་བོད་ས་ཡོངས་བཙན་བཟུང་བྱས་རྗེས་བོད་ཀྱི་དགོན་པ་བརྒྱ་ཆའི་༩༧གཏོར་ཚར་བ། གྲྭ་བཙུན་བརྒྱ་ཆའི་༩༣ཉུང་རུ་ཕྱིན་ཡོད་པ་བཅས་བྱུང་ཡོད་པ་དང་།

ཕྱི་ལོ་༡༩༦༦ནས་༡༩༧༦བར་གྱི་རིག་གནས་གསར་བརྗེ་སྐབས་སུ། བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམ་གཤིས་སོགས་རྩ་མེད་བཟོས་འགོ་བཙུགས་ཤིང་། མོའི་ཡི་གསུང་བཏུས་བཙན་གྱིས་མི་དམངས་ལ་ཉོ་སྒྲུབ་དང་བློར་འཛིན་དུ་བཅུག་པ། རྒྱ་བོད་སློབ་ཕྲུག་རྣམས་དམར་སྲུང་དམག་ཏུ་བསྒྱུར་བ། མདོར་ན་རྙིང་བཞི་རྩ་གཏོར་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་རེད།

སྤྱིར་རིག་གནས་གསར་བརྗེ་ནི་མའོ་རང་ཉིད་དགྲ་བོ་རྩ་མེད་བཟོས་ཏེ་ཏང་ནང་མི་གཅིག་གིས་ཁ་ལོ་བསྒྱུར་བདེ་ཡོང་ཆེད་དང་། བོད་ནང་གི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བར་དམིགས་སུ་བཟུང་བ་ཞིག་རེད། ཡིན་ནའང་། མའོ་འདས་རྗེས་རིག་གསར་མཇུག་སྒྲིལ་བྱས་ཡོད་ཀྱང་། བོད་ཀྱི་དགོན་པ་ལྷ་ཁང་སོགས་༦༠༠༠ལྷག་གཏོར་བཤིག  བོད་མི་༩༢,༠༠༠ལྷག་དུས་མིན་རྐྱེན་འདས་དང་རང་ཤི་རྒྱབ་པ། བོད་མི་༡,༧༣,༠༠༠ལྷག་བཙོན་ཁང་དང་ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་དུ་གྲོངས་སོང་པ་བཅས་ཀྱི་སྡུག་བསྔལ་ནི་བཟོད་ཐུབ་བྲལ་བ་ཞིག་རེད།

༡༩༧༦ལོར་རིག་གསར་མཇུག་སྒྲིལ་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམ་གཤིས་བཅས་ཀྱི་ཐོག་དམ་དྲག་དང་དྲག་གནོན་མུ་མཐུད་དུ་ལག་བསྟར་བྱེད་བཞིན་ཡོད། རྒྱ་དམར་གཞུང་གི་བཀོད་ཁྱབ་འོག་བོད་ནང་གི་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེར་རིག་གསར་ཤུག་རྐྱེན་དེ་ད་ལྟའང་ཤུགས་ཆེ་གནས་ཡོད་པ་རེད།

རྡུང་རྡེག་ཚ་ནན་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བརྒྱུད་དེ། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་གྲྭ་ཚང་ནང་ཐེ་བྱུས་ཤུགས་ཆེ་བྱས་ཏེ་སྤྲུལ་སྐུ་དང་བླ་མ་སོགས་ཀྱི་ཡང་སྲིད་རྒྱ་གཞུང་བརྒྱུད་ངོས་འཛིན་ཞུ་དགོས་པའི་བཙན་བཀའ་བཏང་བ། དེ་བཞིན་༧གོང་ས་མཆོག་ལ་མཚན་སྨད་བཙན་གྱིས་ཞུ་བཅུག་པ། རྒྱུན་ལྡན་ཆོས་ཕྱོགས་ཀྱི་བྱེད་སྒོར་བཀག་སྡོམས་དང་བཙན་དབང་ཐོག་ཏང་ལ་གུས་ཞེན་བྱེད་བཅུག་གི་ཡོད་པ་རེད།

མཁྲེགས་བཟུང་གི་སྲིད་བྱུས་བོད་ནང་ལག་བསྟར་བྱེད་དང་བྱེད་མུས་རྐྱེན་གྱིས་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ལམ་ནས་ཞི་རྒོལ་ལས་འགུལ་སྤེལ་སྟེ། ༢༠༠༩ཟླ་༢ནས་བཟུང་ད་བར་རང་ལུས་མེར་བསྲགས་གནང་མཁན་༡༤༤དང་། དེ་ལས་འདས་གྲོངས་སུ་གྱུར་བ་༡༢༥དང་གཞན་རྣམས་ཤིག་གསོན་གྱི་གནས་སྟངས་གང་ཡང་མ་ཤེས་ཀྱི་མེད་པ་རེད། རིག་གསན་གསར་བརྗེ་ནི་ལོ་༤༠གོང་མཇུག་སྒྲིལ་ཡོད་ཀྱང་རུང་། རྒྱུ་གཞུང་གིས་སྲིད་ཇུས་དེ་ནི་བོད་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཆེད་དུ་ད་ལྟའང་མུ་མཐུད་དུ་བོད་ནང་དམ་དྲག་དང་འཇིགས་གནོན་ཆེན་པོ་བྱེད་ཀྱི་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།


དེའི་རྗེས་ཆོས་རིག་བཀའ་བློན་མཆོག་གིས་བརྗོད་དོན། དེ་རིང་འདིར་རྒྱ་ཆེན་པོ་མེད་ཀྱང་སེམས་ཀྱི་ཚོར་བ་མཚོན་ཐུབ་པའི་འགྲེམས་སྟོན་ཞིག་གནང་བར་འབྲེལ་ཡོད་ཚང་མར་བསྔགས་བརྗོད་བྱས་པ་ཡིན་ལ། དྲ་རྒྱས་པོ་བྱས་ཏེ་ཚོར་བ་མེད་པ་ཡིན་ན་དོན་སྙིང་པོ་མེད་པ་ཞིག་རེད། དེ་བས་དེ་རིང་གི་འདི་ནི་དཔེ་མཚོན་ཡང་དག་པ་ཞིག་མིན་འགྲོ་བསམ་སོང་། ཞེས་དང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། རྒྱ་གཞུང་གི་རིག་གནས་གསར་བརྗེ་ལ་བསྐྱར་བལྟ་བྱས་ན། རྒྱ་གཞུང་ཁོ་རང་ཚོའི་ངོས་ནས་ངོ་གནོང་དགོས་པ་དང་ཐབས་སྡུག་པོ་ཆགས་ཡོད་པ་རེད་ལ། ཁོ་ཚོས་ཀྱང་ངེས་ལེན་བྱེད་ཀྱི་ཡོད་རེད་བསམ། གྲུང་ཧ་སྤྱི་མཐུན་རྒྱལ་ཁབ་ཀྱིས་སུས་ཀྱང་གསུབ་མི་ཐུབ་པའི་ནག་ཐིག་ཆེན་པོ་ཞིག་བཞག་ཡོད་པ་དང་། དེ་ནི་ང་ཚོས་ག་དུས་ཡིན་ཀྱང་འགྲེལ་བརྗོད་བྱེད་པ་ནི་གལ་ཆེན་ཞིག་རེད། རིག་གནས་གསར་བརྗེ་ལས་གསར་བརྗེ་བྱེད་སྟངས་འདྲ་མིན་ཡིན་དུས། གསར་བརྗེ་ཁ་ཤས་ཤིག་བྱེད་སྟངས་ཡིན་སྲིད་པ་ཞིག་རེད་མོད། བོད་ནང་དུ་རིག་གསར་གྱི་མིང་འཁུར་སྟེ་གཏོར་བཤིག་བྱེད་སྟངས་ནི་སེམས་པ་ཐང་ཐང་མེད་མཁན་ཞིག་གི་བྱེད་སྟངས་འདི་ལས། དམར་ཤོག་གིས་སྤྱི་ཚོགས་རིང་ལུགས་དང་མ་ཁུ་སིའི་རིང་ལུགས་ཀྱི་གོ་བ་ག་ཚོད་ཅིག་ལོན་ཡོད་མེད་གསལ་བོ་རེད། དེ་བཞིན་གསར་བརྗེ་འདི་ཡིས་མི་དམངས་ཀྱི་སེམས་བཀུག་པ་ཕར་ཕྱོགས་བློ་ལོག་སྟེ་ཕྱིར་འཐེན་དང་ངོ་རྒོལ་བྱས་པ་ཞིག  ཅེས་དང་།

གཞན་ཡང་ཁོང་གིས་བརྗོད་དོན། རིག་གསར་གྱིས་ཕྱི་ངོས་ནས་གཏོར་བཤིག་ག་ཚོད་བཏང་ཀྱང་ནང་གི་བསམ་བློའི་ངོས་ནས་གཏོར་བཤིག་གཏོང་མ་ཐུབ་པ་ནི་ཁོ་ཚོར་ངོ་འཕྲོད་ཡོད་པར་བསམ། དེ་མིན་ཆོས་དང་རིག་གཞུང་ནི་མིའི་སེམས་སུ་གནས་ཡོད་དུས། ང་ཚོའི་བཙན་བྱོལ་ནང་དུ་ཡང་དགོན་པ་བསྐྱར་གསོ་བྱས་ཏེ་ཡར་རྒྱས་ཆེན་པོར་སོང་ཡོད་པ་དང་། ངས་གསལ་བོ་དྲན་པ་ཞིག་ལ་བོད་ཆོལ་ཁ་གསུམ་དུ་ཆོས་རྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་༦༢༥༩བཅས་ཀྱི་ཐོ་སྤྲད་ཡོད་པ་ལས། གང་འཚམས་གནས་ཡོད་པའི་དགོན་པ་ནི་༨ལྷག་ལས་མེད་པ་ཡིག་ཆ་ནང་དུ་གསལ་བོ་འཁོད་ཡོད། འདི་ལས་རིག་གསར་གྱི་གཏོར་བཤིག་ནི་ཧ་ཅང་ཚབ་ཆེན་ཡིན་པ་མཚོན། བཙན་བྱོལ་དུ་༧གོང་ས་མཆོག་གི་ཐུགས་རྗེ་འོག་བསྐྱར་གསོ་བྱས་ཏེ་གནས་སྟངས་ཡག་པོ་ཆགས་ཡོད་པ་དང་། འདི་ནི་རིག་གསར་གྱི་ལན་ཡག་ཤོས་ཤིག་ཡིན་པས་ན། ང་ཚོས་ཉམས་པ་སླར་གསོ་དང་མ་ཉམས་རྒྱུད་འཛིན་བྱེད་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་སོང་།

དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་བརྗོད་དོན། རིག་གནས་གསར་བརྗེ་ནི་བོད་ནང་དུ་མུ་མཐུད་དུ་གནས་ཡོད་པ་རེད་ཅེས་པ་ནི་ང་ཚོས་གདེང་ཚོད་ཆེནཔོའི་ཐོག་བཤད་ཐུབ་ཀྱི་ཡོད་ལ། ཉེ་ཆར་གསེར་རྟ་བླ་རུང་སྒར་ལ་རྒྱ་གཞུང་གི་སྲིད་ཇུས་ཤིག་གིས་གཏོར་བཤིག་བཏང་དང་གཏོང་བཞིན་པ་ནི། རིག་གསར་སྐབས་ཀྱི་བོད་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམ་གཤིས་སོགས་རྩ་མེད་གཏོང་བའི་ལས་འགུལ་སྤེལ་བ་དང་གཅིག་པ་རེད། དེ་བཞིན་རྒྱ་ནག་རང་གི་ནང་ལོག་དང་རྒྱ་ནག་གི་ཁྱབ་ཁོངས་ཀྱི་ཕྱི་ལོག་ཏུ་ཡོད་པའི་ཞང་ཀང་།་ཐེ་ལན་ཊི། རྒྱ་ནག་གི་སྲིད་གཞུང་ལ་དགག་རྩོམ་འབྲི་མཁན། གསར་འགོད་པ་སོགས་ངོ་རྒོལ་འདི་ཡིས་རྒྱ་ནག་དམར་ཤོག་གིས་རིག་གནས་གསར་བརྗེ་ལག་བསྟར་བྱེད་ཀྱི་ཡོད་པ་མཚོན་གྱི་འདུག  ཅེས་དང་།

གཞན་ཡང་ཁོ་མོས་མུ་མཐུད་དུ་བརྗོད་དོན། སྤྱིར་བཏང་རྒྱ་ནག་དམར་ཤོག་གིས་དུས་དྲན་སྲུང་བརྩི་དང་ལོ་རྒྱུས་དྲན་གསོ་བྱེད་པའི་གོམ་གཤིས་ཤིག་འདུག་མོད། དམར་ཤོག་གཞུང་གིས་རིག་གནས་གསར་བརྗེ་དང་འབྲེལ་བའི་བགྲོ་གླེང་ཞིག་བྱས་མྱོང་མེད་པ་ནི་གསལ་བོ་རེད། དེ་མིན་རྒྱ་ནག་ནང་ལོག་ཏུ་རིག་གནས་གསར་བརྗེ་དང་འབྲེལ་བའི་གླེང་སློང་སོགས་བྱུང་བར་དམ་དྲག་ཆེན་པོ་བྱས་པའི་གནས་ཚུལ་ཕྱིར་ཐོན་གྱི་འདུག འདི་ཡིས་དམར་ཤོག་གཞུང་གིས་རིག་གསར་གླེང་ན་ངོ་ཚ་དགོས་པ་ཞིག་ཆགས་ཡོད་པ་གསལ་བོ་ཡིན་དུས། ང་ཚོས་འདི་ལ་བསྐྱར་བལྟ་བྱེད་པ་གལ་ཆེན་པོ་རེད་ལ། ང་ཚོའི་རེ་བར་རིག་གསར་ལ་བསྐྱར་བལྟ་བྱས་པའི་སྙན་ཐོ་ཡིས་དམར་ཤོག་གཞུང་ལ་སློབ་གསོ་སྤྲོད་པ་དང་ངོས་འཛིན་བྱེད་ཐུབ་པའི་རེ་བ་ཞིག་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

གོང་ཚེས་ཉིན་གྱི་འགྲེམ་སྟོན་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས། དེ་མིན་སྐབས་འདིའི་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་སྤྱི་ཟུར་རྨེའུ་མགོན་པོ་མཚོ་ལགས་དང་གཞུང་ཞབས་ཟུར་བ་བློ་བཟང་ཡོན་ཏན་ལགས། གཞུང་ཞབས་ཟུར་བ་ཕུར་པ་ཚེ་རིང་ལགས། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་བཅས་མི་གྲངས་༥༠ལྷག་འདུ་འཛོམས་བྱུང་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།