བགྲོ་གླེང་བ་ཁག་ཅིག་གིས་རང་ཉིད་ཀྱི་མྱོང་ཚོར་གཤོ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༢༠ཉིན་སྤེལ། ན་གཞོན་ཉམས་ཞིབ་པའི་བགྲོ་གླེང་ཉིན་མཐའ་མར་མཉམ་ཞུགས་གནང་མཁན་ཁག་གཅིག་ལ་བཅར་འདྲི་བྱས་པ།

ཁང་ཕྱི་དྲོའི་ཚོུད་༤།༠༠ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཉིན་གསུམ་རིང་སཱ་ར་མཐོ་སློབ་ཏུ་གོ་སྒྲིག་བྱས་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་སྒྲིལ་ཡོད་པ་རེད།

དེ་ཡང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བསྟན་འཛིན་ལགས་ཀྱིས་ན་གཞོན་ཉམས་ཞིབ་པའི་བགྲོ་གླེང་གི་མཇུག་བསྡོམས་གསུང་བཤད་དུ་ཐུགས་རྗེ་ལེགས་གསོལ་གནང་བ་དང་མཉམ་དུ། ད་རེས་བགྲོ་གླེང་གི་ཆ་ཤས་ལེན་མཁན་ ༢༡ དང་ཚོགས་བཅར་བ་བཅས་ཁྱོན་བསྡོམས་ ༥༠ ལྷག་ཕེབས་ཐུབ་ཡོད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུས་པ་ཡིན། ང་ཚོས་བོད་དང་བོད་མི། རེ་བ་དང་གདོང་ལེན་ཞེས་པའི་ས་བཅད་གཅིག་གི་འོག  བརྗོད་གཞི་མ་འདྲ་བའི་ཐོག་གཏམ་བཤད་གནང་བ་མ་ཟད། དྲི་བ་གནང་མཁན་མང་པོ་བྱུང་བ་འདིས་བགྲོ་གླེང་ཡག་པོ་བྱུང་བ་མཚོན་ཐུབ་ཀྱི་འདུག ཅེས་དང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། ད་རེས་ཀྱི་བགྲོ་གླེང་འདིར་གསར་འགོད་པ་བརྩིས་པའི་རྒྱ་གར་གྱི་མངའ་སྡེ་ ༥ ནས་ཕེབས་འདུག མང་ཤོས་ནི་ཧི་མ་ཅལ་མངའ་སྡེ་ནས་རེད། རྣམ་པ་ལྷན་རྒྱས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཐག་རིང་དུ་མི་གཏོང་བར། འཛམ་གླིང་གི་སྡིངས་ཆར་བོད་ཟེར་བ་འདི་ཡར་བསྟོད་དགོས་ཀྱི་ཡོད་ན། དེར་རོགས་རམ་བྱེད་མཁན་ནི་ང་ཚོའི་སྲིད་བྱུས་ཉམས་ཞིབ་ཁང་ཡིན། ཞེས་སོགས་གསུང་བཤད་གནང་བ་དང་།

ཚོགས་འདུ་གྲོལ་རྗེས་འདི་གའི་གསར་འགོད་པས་མཐོ་སློབ་ཁག་ཁ་ཤས་ནས་ཐོན་པའི་ཉམས་ཞིབ་པར་ཉིན་གསུམ་རིང་གི་བགྲོ་གླེང་མྱོང་ཚོར་སྐོར་ནས་བཅར་འདྲི་ཞུས་པར།

tibet-nyanthar 2016བྷ་ན་རཱ་སི་ཧིན་ངྷི་གཙུག་ལག་སློབ་གཉེར་ཁང་དུ་ལྟ་གྲུབ་དང་རྩིས་རིག་པའི་ཚན་ཁག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་པའི་གཉན་ཐར་ལགས་ཀྱིས་མྱོང་ཚོར་བརྗོད་དོན། ང་ནི་ཚོགས་ཆེན་ཐེངས་གཉིས་པ་འདི་གཅིག་པུ་མ་ཡིན་པར་ཐེངས་དང་པོར་ཡང་ཞུགས་མྱོང་ཡོད། ད་ཐེངས་དམིགས་གསལ་གྱིས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད་པ་འདི་ནི་ཧ་ཅང་ཡག་པོ་མཐོང་སོང་། རྒྱུ་མཚན་ཉམས་ཞིབ་པ་མང་ཆེ་ཤོས་ན་གཞོན་ཉམས་ཞིབ་པ་དང་། དེ་མིན་སློབ་མའི་ངོ་བོར་ཡོད་པས། ང་ཚོར་རྒན་ཁོང་གིས་གསལ་བཤད་དང་ཐ་སྙད་བེད་སྤྱོད་གཏོང་སྟངས་སོགས་ཀྱི་སྐོར་ལ་དགོངས་ཚུལ་གནང་བར་ཕན་ཐོག་ཆེན་པོ་བྱུང་སོང་། ཞེས་དང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། སྔོན་དང་མ་འདྲ་བའི་ཁྱད་ཆོས་ནི། ཉམས་ཞིབ་པ་རྣམས་ཀྱི་ཚད་གཞི་སྔོན་ཆད་ལས་བཟང་དུ་སོང་ཡོད་པ་དང་། དུས་ཚོད་དམ་འཛིན་དང་བརྗོད་གཞི་བརྙན་ཆས་ཀྱི་ངོས་སུ་སྟོན་པ་སོགས་ཡར་རྒྱས་སོང་འདུག་བསམ། ཚོགས་ཐེངས་འདིར་ང་རང་གི་བརྗོད་གཞི་ནི་བཙན་བྱོལ་བོད་ཀྱི་དགོན་སྡེ་སློབ་གསོའི་ཟུར་ཅུང་ཟད་གླེང་བ་ཞེས་པ་དེ་རེད། དེ་ལ་དྲི་བ་ཁ་ཤས་ཤིག་བྱུང་སོང་མོད། འོན་ཀྱང་ང་རང་གི་སྣང་ཚུལ་ལ་དགོན་སྡེ་སློབ་གསོ་ནི་བཙན་བྱོལ་ནང་གི་རྩ་བ་ཆགས་ས་ཡིན་པ་གང་ཞིག་ལ། སློབ་གསོའི་སྐོར་ལ་ཉམས་ཞིབ་བྱེད་མཁན་མང་ཤོས་ཤིག་གིས་དེང་རབས་ཀྱི་སློབ་གསོའི་ཁ་ཕྱོགས་ཤིག་ལ་ངོས་འཛིན་བྱེད་པ་ལས། བོད་ཀྱི་དགོན་སྡེ་སློབ་གསོའི་གཞི་རྩའི་སྒང་ནས་ནུབ་ཕྱོགས་སམ་དེང་རབས་སློབ་གསོའི་སྐོར་ལ་རྒྱུས་ལོན་བྱས་ཡོད་མཁན་ཉུང་ཉུང་རེད་ཅེས་བརྗོད་སོང་།

tibet- nyapa kunsang 2016གཞན་ཡང་།
བགྲོ་གླེང་གི་ཆ་ཤས་ལེན་མཁན་ཝར་ན་མཐོ་སློབ་ཀྱི་གཙུག་ལག་རབས་འབྱམས་པ་རྔ་བ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བརྗོད་དོན། འདིའི་སྔོན་ལ་ང་རང་རྩོམ་པ་པོ་མཐུན་ཚོགས་ཀྱི་བགྲོ་གླེང་ཞིག་ཏུ་ཞུགས་མྱོང་ཡོད། དེ་མིན་ཚོགས་འདུ་མང་པོར་འགྲོ་མྱོང་ཡོད་མོད། འོན་ཀྱང་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུར་ཐེངས་དང་པོ་ཡིན། འདི་ནས་ཉམས་ཞིབ་པ་མང་པོ་ངོ་ཤེས་སོང་བ་དང་གཏམ་བཤད་ཀྱང་ཧ་ཅང་གིས་ཡག་པོ་བྱུང་སོང་ལ། བོད་ལ་རེ་བ་འདུག་བསམ་པའི་ཚོར་བ་ཞིག་བྱུང་སོང་། ཞེས་དང་།
 
ཚོགས་ཆེན་འདིར་འཁྱེར་ཡོང་བའི་མོ་རང་གི་བརྗོད་གཞིའི་སྐོར་ནས་བརྗོད་དོན། ངའི་བརྗོད་གཞི་ནི(ས་ཡ་དྲུག་གི་རེ་བ་གཅིག་དང་མི་རབས་གསར་བའི་རྟོགས་སད་ཆེན་མོ་གསུམ་གྱི་ལྟོས་གྲུབ་རང་བཞིན་ལ་དཔྱད་པ།)ཞེས་པ་དེ་ཡིན། འདི་འདྲའི་ཚད་མཐོ་བའི་ཉམས་ཞིབ་པའི་ཁྲོད་དུ་གཏམ་བཤད་བྱེད་སྐབས་ཐོག་མར་ཞེད་སྣང་ཞིག་སྐྱེས་སོང་བ་དང་། ངའི་བརྗོད་གཞི་འདི་ནི་གསར་བ་ཡིན་པས་ཚང་མས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག། ངའི་བརྗོད་གཞི་འདི་ཆེ་དྲག་སོང་བས་རྗེས་མར་བརྗོད་གཞི་རྒྱ་ཆུང་དུ་བཏང་སྟེ། བརྗོད་གཞི་ཆུང་ཆུང་དུས་ཚོད་དག་དག་ཅན་ཞིག་བཀོད་སྒྲིག་གནང་གི་ཡིན་ཞེས་བརྗོད་སོང་།

tibet-yeshe samdhub 2016བགྲོ་གླེང་གི་ཆ་ཤས་ལེན་མཁན་སཱ་ར་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མ་ཡེ་ཤེས་བསམ་འགྲུབ་ལགས་ཀྱིས་བརྗོད་དོན། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གཙོས་ཚོགས་ཆེན་གང་མང་ལ་འགྲོ་མྱོང་ཡོད་ མོད། ད་རེས་ཀྱི་ཚོགས་ཆེན་སྐབས་ཀྱི་བགྲོ་གླེང་ནི་དམིགས་གསལ་ཞིག་ཏུ་མཐོང་གི་ཡོད། རྒྱུ་མཚན་ནི་ཉིན་གསུམ་རིང་སྤྱི་ཡོངས་ཀྱིས་དངོས་ནས་ཤེས་ཡོན་གྱི་བགྲོ་གླེང་ ཞིག་དང་། དངོས་ནས་བོད་རིག་པའི་ཐོག་བགྲོ་གླེང་བྱེད་ཀྱི་ཡོད་པ་དང་། ཚོགས་འདུར་འབྲེལ་མེད་ཀྱི་སྐད་ཆ་གང་ཡང་མ་བྱུང་བས་ཧ་ཅང་གིས་ཡག་པོ་བྱུང་སོང་། ཞེས་བརྗོད་སོང་།

tibet-tenzin yangkyi 2016དེ་ནས་བགྲོ་གླེང་གི་ཆ་ཤས་ལེན་མཁན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་བསྟན་འཛིན་དབྱངས་སྐྱིད་ལགས་ལ་བགྲོ་གླེང་གི་མྱོང་ཚོར་སྐོར་བཅར་འདྲི་བྱས་པར་ཁོང་མོས་བརྗོད་དོན།  ཉིན་གསུམ་འདིའི་རིང་ལ། ང་ལ་བློ་བསྐྱེད་མ་འདྲ་བ་མང་པོ་ཞིག་རེག་སོང་། ཁོར་ཡུག རྒྱལ་རབས། ལོ་རྒྱུས་སོགས་བརྗོད་གཞི་འདྲ་མིན་གྱི་གནས་ཚུལ་གསར་བ་གང་མང་ཞིག་སྤྲད་སོང་། དེ་བཞིན་ང་རང་གི་བརྗོད་གཞིའི་(བསྟན་འཛིན་བརྩོན་འགྲུས་ཀྱི་སྙན་རྩོམ་སྐོར་ལ་དཔྱད་པ་)ཞེས་པའི་སྟེང་ལ་དྲི་བ་མང་པོ་ཞིག་བཏང་མ་སོང་། ངས་དབྱིན་ཇིའི་ཐོག་ནས་གཏམ་བཤད་བྱས་པའི་རྐྱེན་མིན་ནམ། བོད་ཡིག་སྒང་ནས་བཤད་ན་དྲི་བ་མང་པོ་སླེབས་སྲིད་པ་རེད། དྲི་བ་གཅིག་སླེབས་པ་ནི་བསྟན་འཛིན་བརྩོན་འགྲུས་ཀྱི་སྐད་ཆ་ཁ་ཤས་ཤིག་མར་སྒྲ་ཕབ་བྱས་པ་དེའི་ནང་གི་སྐོར་ནས་རེད། དེ་ལ་དམིགས་གསལ་གྱིས་ལན་རྒྱབ་མེད། རྒྱུ་མཚན་ནི་བསྟན་འཛིན་བརྩོན་འགྲུས་ཁོ་རང་གི་བསམ་ཚུལ་ཡིན་དུས། ང་རང་ལ་དམིགས་གསལ་ཀྱིས་ལབ་རྒྱུ་མི་འདུག་ཅེས་བརྗོད་སོང་།

tibet-tseang dorjee 2016དེ་བཞིན་བགྲོ་གླེང་གི་ཆ་ཤས་ལེན་མཁན་མ་ངྷ་རཱ་སི་གཙུགས་ལག་སློབ་གཉེར་ཁང་དུ་འབུམ་རམས་པའི་སློབ་སྦྱོང་བྱེད་ཀྱིན་པ་ཚེ་དབང་རྡོ་རྗེ་ལགས་སུ་དྲི་བ་དྲིས་པར་ཁོང་གིས་བརྗོད་དོན།  ད་རེས་ཚོགས་ཆེན་འདིར་ངའི་བརྗོད་གཞི་ནི་(རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་ས་གནས་ལ་རྟོགས་ཞིབ་སྐོར)ཡིན་ཞིང་། དེ་ལ་ཚང་མས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག ང་རང་ཚོགས་འདུ་འདིར་ཐེངས་གཉིས་པ་ཡིན། ཉིན་གསུམ་འདིའི་རིང་ལ་བསམ་ཚུལ་མང་པོ་བརྗེ་ལེན་དང་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་། དེར་བརྟེན་གོ་རྟོགས་གསར་བ་འཕེལ་བ་དང་། མཐོང་རྒྱ་དང་ཐོས་རྒྱ་གང་ཅིའི་ཐོག་ནས་ཕན་ཐོག་བྱུང་སོང་། ཞེས་བརྗོད་སོང་།

tibet-tenzin kyalden 2016བགྲོ་གླེང་འདིར་ཟུར་ཉན་པའི་ཆ་ཤས་ལེན་མཁན་སཱ་ར་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མ་བསྟན་འཛིན་སྐལ་ལྡན་ལགས་ཀྱིས་བརྗོད་དོན། བཙན་བྱོལ་སྤྱི་ཚོགས་སུ་མཁས་དབང་མང་པོ་ཚོགས་པའི་བགྲོ་གླེང་ལ་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཡིན། ཚོགས་འདུར་དངོས་སུ་ཞུགས་དུས་ཀྱང་འབུམ་རམས་པ་སོགས་ལག་འཁྱེར་ཚད་མཐོ་བོ་ཡིན་པ་རྐྱང་རྐྱང་གིས་མཉམ་རུབ་ཀྱིས་བགྲོ་གླེང་གནང་པར་ཧ་ཅང་གིས་དགའ་སྤྲོ་སྐྱེས་སོང་ཞེས་བརྗོད་སོང་།

མཐར་ཉིན་གསུམ་རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཐེངས་གཉིས་པའི་བགྲོ་གླེང་ཡོངས་སུ་མཇུག་རྫོགས་པ་དང་བགྲོ་གླེང་བ་དང་ཟུར་ཞུགས་སུ་གདན་འདྲེན་ཞུས་པ་ཚང་མས་མཉམ་དུ་སྐུ་པར་སྒྲོན་པར་དང་མཉམ་དུ་བགྲོ་གླེང་མཁན་རྣམ་ལ་ཕྱག་འཁྱེར་རེར་གནང་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།