གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སྐྱོབ་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༢༠ཉིན་སྤེལ། རྒྱ་གཞུང་གི་བཀོད་ཇུས་འོག་གསེར་རྟ་བླ་རུང་སྒར་གཏོར་བཅོམ་ཚད་མེད་བྱེད་བཞིན་པར་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་སོང་།

Tibet-savelarungar-2016ཁ་སང་དགོང་དྲོའི་ཚོུད་༥།༡༥ཐོག   བཞུགས་སྒར་ངྷ་རམ་ས་ལར་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔའི་བཀོད་སྒྲིག་འོག ད་སྔ་གཏོར་བཅོམ་བྱེད་བཞིན་པའི་གསེར་རྟ་བླ་རུང་སྒར་སྲུང་སྐྱོབས་དང་རྒྱ་གཞུང་གི་གཏོར་བཅོམ་སྲིད་ཇུས་དེར་ངོ་རྒོལ། དེར་བཞུགས་གྲྭ་བཙུན་སྔགས་གསུམ་ལ་གདུང་སེམས་མཉམ་བསྐྱེད། རྒྱལ་སྤྱིའི་སྤྱི་ཚོགས་སུ་འབོད་སྐུལ་སོགས་ཀྱི་ལས་འགུལ་ཞིག་ཉིན་མོ་སློབ་གྲྭའི་མདུན་ཐང་དུ་སྤེལ་སོང་།

ལས་འགུལ་འདིར་ངྷ་སར་ཡོད་པའི་དགོན་པ་དང་བཙུན་དགོན་ཁག་ནས་ཕེབས་པའི་གྲྭ་བཙུན་རྣམ་པ་དང་། རང་རིགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པ་བཅས་མི་གྲངས་༡༠༠༠ལྷག་འདུ་འཛོམས་ཀྱིས་གདུང་སེམས་མཉམ་བསྐྱེད་ཤུགས་ཆེན་གནང་སོང་།

དེ་ཡང་ཚོགས་ཁག་ལྔའི་གསར་འགོད་བསྒྲགས་གཏམ་ལ་འཁོད་དོན། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དེ་ཉེན་ཁ་ཆེ་བའི་བཙོན་ཁང་ལྟ་བུ་ཆགས་ཡོད་པ་དང་། གྲྭ་བཙུན་རྣམས་རྒྱ་གཞུང་གི་ལྐོག་ཉན་པར་ཆས་ཀྱི་སོ་བལྟ་བྱ་ཡུལ་གྱི་བཙོན་པ་ལྟ་བུ་ཞིག་ཆགས་ཡོད་པར་བརྟེན། ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་གི་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ང་ཚོས་འབོད་སྐུལ་གྱི་ཐོག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དེ་ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་དང་། ང་ཚོས་སོ་སོའི་ཉིན་རེའི་ལས་རིམ་གྱི་ཉིན་ཐོའི་ཐོག་བཀོད་ནས་མི་གྲུབ་ཀ་མེད་ཀྱི་དོན་ཆེན་ཞིག་དང་། ང་ཚོས་རྒྱ་གཞུང་གི་སྲིད་ཇུས་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱས་པའི་རྨང་གཞིའི་ཐོག་སློབ་གླིང་དེའི་རྒྱུན་གཏན་རང་བཞིན་གྱི་ཆོས་ཕྱོགས་བྱེད་སྒོ་མཐའ་དག་བསྐྱར་གསོའི་ཆེད་དུ་རྒྱལ་སྤྱིའི་སྤྱི་ཚོགས་སུ་འབོད་སྐུལ་ཞུ་ཡིན་ཡོད་ཅེས་འཁོད་འདུག

གཞན་ཡང་གསར་འགོད་པས་དགུ་བཅུ་གསུམ་གྱི་ཚོགས་གཙོ་ལྷ་རྒྱལ་རིའི་སྲས་མོ་རྣམ་རྒྱལ་སྒྲོན་དཀར་ལགས་སུ་བཅར་འདྲི་ཞུས་པར། ཁོ་མོས་བརྗོད་དོན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་གཤིགས་གཏོང་བཞིན་པར་ངོ་རྒོལ་དང་དེར་བཞུགས་གྲྭ་བཙུན་སྔགས་གསུམ་ལ་གདུང་སེམས་མཉམ་བསྐྱེད་ཆེད་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔ་དང་རྒྱལ་ཁབ་གཞན་གྱི་ལུང་པ་༢༠ལྷག་ཅིག་ལ་གོང་འཁོད་བཞིན་ལས་འགུལ་སྤེལ་གྱི་ཡོད་ཅེས་དང་།

དེ་རྗེས་ཁོ་མོས་མུ་མཐུད་དུ། གནས་ཚུལ་གསར་བ་ཞིག་ལ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་སུ་དངུལ་སྤྲད་པ་དང་དགོན་པ་གཞན་ལ་འགྲོ་བར་མཐུན་རྐྱེན་སྦྱོར་བའི་སྲིད་ཇུས་གསར་བ་ཞིག་འགོ་བཙུགས་ཀྱི་ཡོད་འདུག་ཅེས་དང་།

དེ་མིན་ཁོ་མོས་ལས་འགུལ་འདིའི་དགོས་དོན་སྐོར་ནས་བརྗོད་དོན། ང་ཚོས་བླ་རུང་སྒར་གྱི་གྲྭ་བཙུན་སྔགས་གསུམ་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་ནག་གཞུང་གིས་རྩ་ཁྲིམས་དོན་༣༦དང་འགལ་བའི་སྲིད་ཇུས་ལ་ངོ་རྒོལ། རྒྱལ་སྤྱིའི་སྤྱི་ཚོགས་སུ་གནོན་ཤུགས་སྤྲོད་པར་འབོད་སྐུལ་ཞུས་པ་བཅས་ཡིན་པར་བརྗོད་སོང་།

གསར་འགོད་པས་ལས་འགུལ་འདིར་མཉམ་ཞུགས་གནང་མཁན་རྒྱུད་སྟོད་དགོན་པའི་བོད་འབྱོར་གྲྭ་འགྱུར་མེད་ལགས་སུ་མཉམ་ཞུགས་གནང་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས་བརྗོད་དོན། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་དམིགས་གསལ་བླ་རུང་སྒར་གཏོར་གཤིགས་ཚད་མེད་གཏོང་བཞིན་པས་ན། དེ་རིང་གི་ལས་འགུལ་འདིར་ཚོར་ཤུགས་ཆེན་པའི་ངང་ནས་མཉམ་ཞུགས་བྱས་པ་ཡིན་པར་བརྗོད་སོང་།

འདི་ག་གསར་འགོད་པས་དགེ་བཤེས་བློ་དགའ་ལགས་སུ་ལས་འགུལ་འདིར་ཞུགས་ནས་བསམ་ཚུལ་ག་རེ་ཡོད་སྐོར་བཅར་འདྲི་ཞུས་པར། ཁོང་གིས་བརྗོད་དོན། བོད་ནང་གི་གནད་དོན་ཆེ་ཤོས་ནི་བོད་ནང་གི་དགོན་སྡེ་ལས་བླ་རུང་སྒར་རྒྱ་ནག་གཞུང་གི་བཀོད་ཇུས་ཀྱིས་གཏོར་གཤིགས་གཏོང་བཞིན་པ་དེ་རེད། དེ་འབྲེལ་གྱིས་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔ་ནས་ངོ་རྒོལ་ལས་འགུལ་སྤེལ་བར་མཉམ་ཞུགས་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་ཁ་གཅིག་གི་ནང་དུ་སྐད་ཆ་གཉིས་བཤད་དེ་ལས་འགུལ་སྤེལ་བ་དེ། ཁ་གཅིག་གི་ནང་དུ་སྐད་ཆ་གཉིས་བཤད་དེ་བོད་གཏོར་གཤིགས་གཏོང་བཞིན་པ་དེ། ཁ་གཅིག་གི་ནང་དུ་སྐད་ཆ་གཉིས་བཤད་དེ་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་མཚོན་དོན་ཚུན་ཆད་ཀྱང་གཏོར་གཤིགས་གཏོང་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་མཚོན་ཆེད་འདིར་ཚོར་ཤུགས་ཆེན་པོའི་ངང་ནས་མཉམ་ཞུགས་བྱས་པ་ཞིག་ཡིན་ཞེས་དང་།

ཡང་ཁོང་གིས་འཕྲོས་དོན་གྱི་བཅར་ལན་ཞིག་བཏབ་པ་ལས། དེ་རིང་གི་ལས་འགུལ་འདིར་རྒྱལ་ཁབ་རིགས་མི་འདྲ་བ་མང་པོ་ཞིག་གི་མི་སྣ་འཛོམས་ཡོད་པ་དང་། ལྷག་པར་དུ་སངྒ་པོའི་རྒྱ་རིགས་མང་པོ་ཞིག་འཛོམས་ཡོད་པའི་གནས་སྟངས་འདི་དང་། ང་རང་གིས་ཐོས་ཚོད་ལྟར་ན་རྒྱ་ནག་གཞུང་གི་ནང་ལོག་གི་རྒྱ་རིགས་སོགས་ཀྱིས་ཀྱང་རྒྱ་ནག་གཞུང་གི་སྲིད་ཇུས་འདིར་འདོད་པ་མེད་པ་ཞིག་རེད་བསམ་གྱི་ཡོད་ཅེས་དང་།

གཞན་ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན། རྒྱ་ནག་གི་འགོ་འཁྲིད་ཚོས་ནང་པའི་ཆོས་ནི་རིག་གཞུང་ཞིག་རེད་ཅེས་བཤད་བསྡད་ཡོད་པ་དེ་དང་། ད་སྔ་རྒྱ་གཞུང་གིས་བླ་རུང་སྒར་གཏོར་གཤིགས་གཏོང་བཞིན་པ་འདི་གཉིས་འགལ་ཟླ་ཆགས་འདུག དེ་མིན་རྒྱ་ནག་གུང་ཁྲན་ཏིང་གིས་ཆོས་མཁས་ལེན་གྱི་མེད་པ་དང་། དེ་ཡིན་དུས་ཆོས་ཀྱི་སྒྲིག་འཛུགས་ནང་དུ་ཐེ་གཏོགས་བྱེད་པ་ནི་འགལ་ཟླ་ཆགས་འདུག བྱེ་ཙང་། རྒྱ་ནག་གི་དམིགས་ཡུལ་ལྟར་གྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་བཤད་བཞིན་པ་དེ་ཡིན་ན། མི་རིགས་དང་མི་རིགས་འགལ་ཟླ་འགྲོ་བའི་ལས་འགུལ་སྤེལ་བ་འདི་ནི་དངོས་ཡོད་གནས་ཚུལ་གྱིས་འཚམས་པོ་མེད་པའི་གནས་ཚུལ་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།