བོད་ཀྱི་ན་གཞོན་ཉམས་ཞིབ་པའི་བགྲོ་གླེང་སྐོང་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༡༨ཉིན་སྤེལ། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག བོད་དང་བོད་མི། རེ་བ་དང་གདོང་ལེན་གྱི་བགྲོ་གླེང་སྐོང་ཚོགས་གནང་སོང་།

Tibet-policy-Debate-2016དེ་རིང་སྔ་དྲོའི་ཚོུད་༩།༣༠ཐོག  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བཀོད་སྒྲིག་འོག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ་སྟེ་བཞུགས་སྒར་ངྷ་སའི་ཉེ་འཁྲིས་སུ་ཡོད་པའི་བོད་ཀྱི་སཱ་ར་མཐོ་སློབ་ཀྱི་ཚོགས་ཁང་དུ་དབུ་འཛུགས་གནང་སོང་།

གོང་ཚེས་ཉིན་གྱི་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་དམིགས་གསལ་སྐུ་མགྲོན་ཇ་ལ་དེ་བ་ར་ན་དྲེ་མཆོག སཱ་ར་མཐོ་སློབ་ཀྱི་སློབ་སྤྱི། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ། དེ་མིན་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་འགན་འཛིནཇོ་སྲས་བཀྲ་ཤིས་ཚེ་རིང་མཆོག་གཙོས་རྒྱ་གར་མཐོ་སློབ་དང་བོད་ཀྱི་མཐོ་སློབ་གང་ས་གང་ནས་གདན་འདྲེན་ཞུས་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པ་རྣམས་དང་། ཟུར་ཉན་པ་དང་ལས་ཀྱི་སྣེ་མོ་བ་བཅས་ཁྱོན་མི་སྣ་༦༠ལྷག་ཅིག་འདུ་འཛོམས་གནང་སོང་།

དེ་ཡང་གོང་གི་མཛད་སྒོའི་ཐོག་མར་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བསྟན་འཛིན་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་དོན། བོད་ཀྱི་ན་གཞོན་ཡོངས་ཀྱིས་བོད་པའི་འཐབ་རྩོད་ཀྱི་འགན་འཁུར་ཡོད་ཙང་། འཐབ་རྩོད་བྱེད་པར་རེ་བ་ག་རེ་དང་གདོང་ལེན་ག་རེ་བྱེད་དགོས་པར་ཆབ་སྲིད་ལ་དོ་སྣང་ཡོད་པ། ལོ་རྒྱུས་ལ་དོ་སྣང་ཡོད་པ། སྤྱིར་བཏང་གི་ཤེས་བྱར་དོ་སྣང་ཡོད་པ་ཚང་མར་དགོས་འདུན་བསྐོང་ཐུབ་པ་དང་། ཕན་ཚུན་བསམ་ཚུལ་བརྗེ་ལེན་བརྒྱུད་དེ་ང་ཚོའི་འཐབ་རྩོད་ལ་ནུས་པ་གང་ཐོན་པར་དགོངས་བཞེས་གནང་དགོས་པ་གལ་ཆེན་རེད་ཅེས་དང་།

ཡང་ཁོང་གིས་མུ་མཐུད་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་སྟེ་བརྗོད་དོན། གོ་ལ་འདིའི་ཕྱོགས་ཀུན་དུ་བཞུགས་པའི་བོད་ཀྱི་ཉམས་ཞིབ་གནང་མཁན་ཁྱད་ལས་པ་ཚང་མ་ས་གནས་གཅིག་ཏུ་འཛོམས་ཐུབ་པ་དང་། དེ་ལ་བརྟེན་ནས་ཉམས་ཞིབ་གནང་བ་དག་ཕན་ཚུན་བསམ་བློ་བརྗེ་རེས་གནང་ཐུབ་པ། བོད་མི་རིགས་ཀྱི་རྩ་དོན་ལ་ཕན་གསོས་པའི་དགོངས་འཆར་དང་ན་གཞོན་ཕན་ཚུན་ངོ་ཤེས་རྒྱུས་མངའ་ཡོང་བ་ནི་ང་ཚོའི་དགོས་དམིགས་གཙོ་བོ་ཡིན་ལ།  དེ་ལ་བརྟེན་ནས་ང་ཚོའི་འཐབ་རྩོད་ཀྱི་རྩ་དོན་དེ་རྒྱལ་སྤྱིའི་སྡིངས་ཆར་བསྐྱལ་ཐུབ་པའི་རེ་བ་དང་འབོད་སྐུལ་ཡོད་ཅེས་ལམ་སྟོན་གནང་སོང་།

alt

དམིགས་བསལ་སྐུ་མགྲོན་དེ་བ་ར་ན་དྲེ་ Jayadeva Ranade མཆོག་གིས་གསུངས་དོན། རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་ས་ཁུལ་ཁག་གི་ཡར་རྒྱས་སྐོར་ལ་རྒྱ་གར་གྱི་མཁས་དབང་དང་ཉམས་ཞིབ་པ་ཚོས་དོ་སྣང་བྱུང་བར་དམིགས་བསལ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། དེ་བཞིན་མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་ཇི་འདྲ་ཞིག་ཆགས་མིན་དང་འདས་པའི་ལོ་ཤས་ཀྱི་རྒྱ་ནག་གི་གནས་སྟངས། རྒྱ་ནག་གཞུང་གི་སྲིད་བྱུས་སོགས་ཀྱི་ཐོག་ཉམས་ཞིབ་བྱ་རྒྱུ་གལ་ཧ་ཅང་གིས་ཆེན་པོ་རེད།

ཞི་ཅིང་ཕིན་སྲིད་འཛིན་ལ་བསྡད་པ་ནས་བོད་དང་ཡུ་གུར་གཉིས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་འགྱུར་བ་ཇི་བཏང་ངོ་སྤྲོད་གནང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ཐོག་ནས་ཞི་བདེ་ལྷིང་འཇགས་ཡོང་ཐབས་བྱས་ཀྱང་། སྲིད་བྱུས་དེ་ལམ་ལྷོངས་མ་བྱུང་བར་བརྟེན། དགོན་སྡེ་ཁག་གི་ནང་སྔར་ལྷག་དམ་བསྒྲགས་བྱེད་འགོ་བཙུགས་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་ཀྱང་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་བཞིན་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་སྤྱིའི་ནང་གི་མཛད་འཕྲིན་ཁག་ལ་འགོག་རྐྱེན་བཟོ་གང་ཐུབ་བྱེད་ཀྱི་ཡོད་པ། བོད་དོན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུ་དེ་བོད་མིའི་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེ་ཞིག་རེད་ཅེས་སོགས་ཀྱི་གསུང་བཤད་གནང་།

སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབྲེལ་ཡོད་གསུང་བཤད་གནང་དོན།  ཐོག་མར་ངས་བཀའ་ཤག་གི་ཚབ་བྱས་ཏེ་ཉམས་ཞིབ་པ་༣༠ལྷག་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།  སྲིད་བྱུས་ཉམས་ཞིབ་ཁང་བཙུགས་དགོས་དོན་ལ་ཕྲད་ཕུགས་རྒྱང་གསུམ་གྱི་དམིགས་ཡུལ་ཡོད་ཀྱང་། ཆུང་ས་ནས་ཆ་བཞག་ན་ལོ་རེར་ཉམས་ཞིབ་གནང་མཁན་རྣམས་མཐོ་སློབ་ཁག་གང་དུ་བཞུགས་ཡོད་ཀྱང་། ང་ཚོ་ས་ཆ་གཅིག་ཏུ་འཛོམས་ཏེ་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་ཡོང་དུས། དོ་སྣང་དང་སེམས་ཤུགས་འཕར་སྟེ་ཡར་རྒྱས་སུ་འགྲོ་ཡི་ཡོད་པ་རེད་ལ། ཉམས་ཞིབ་པ་རྣམས་རྒྱ་གར་རྒྱལ་ཡོངས་ཀྱི་སྡིངས་ཆར་འཛོམས་ཐུབ་པ། དེ་ནས་རྒྱལ་སྤྱིའི་སྡིངས་ཆར་འཛོམས་ཏེ་རྒྱལ་སྤྱིའི་གནས་ཚུལ་དང་བསྡུར་བ་བྱེད་ཐུབ་པའི་ཉམས་ཞིབ་པ་བྱུང་ན་བསམ་སྟེ་ཚོགས་འདུ་འདི་བསྐོང་པ་ཞིག་ཡིན་ཞེས་དང་།

གཞན་ཡང་ཁོང་གི་འཕྲོས་དོན་གསུང་བཤད་དུ། བོད་རིག་པའི་ཚོགས་འདུའི་ཐོག་ང་ཚོ་ཟུར་ཉན་དུ་བསྡད་པ་མ་གཏོགས། རྩོམ་དངོས་སུ་འགྲེམ་སྤེལ་དང་བསམ་ཚུལ་བརྗེ་ལེན་བྱེད་ཐུབ་མཁན་དཀོན་པོ་ཆགས་ཡོད་དུས། ཚད་ལྡན་གྱི་ཉམས་ཞིབ་པ་ཞིག་བོད་རིག་པའི་ཚོགས་འདུར་ཞུགས་ཐུབ་པ་ཡིན་ན། ང་ཚོའི་ངོས་ནས་འགྲོ་སོང་ག་ཚོད་སོང་བ་ཡིན་ཡང་ཆ་རྐྱེན་བསྐྲུན་གྱི་ཡོད། ང་ཚོ་སྡིངས་ཆ་དེར་སླེབས་ཏེ་ཉམས་ཞིབ་པ་གཞན་དང་བསྡུར་ཡོང་དུས་ང་ཚོར་བློ་བསྐྱེད་རེག་པར་ཧ་ཅང་གིས་ཕན་ཐོགས་ཡོད་པ་རེད། ད་ལོར་འབུམ་རིམས་པར་སློབ་སྦྱོང་གནང་མཁན་ཚོ་སུ་ཞིག་རྒྱལ་སྤྱིའི་ཚོགས་འདུར་ཕེབས་ཐུབ་མཁན་ཡོད་ན། ང་ཚོས་གནམ་གྲུའི་གླ་ཆ་འཕུལ་བར་གཏན་འཁེལ་ཡོད་ལ། རྣམ་པ་ཚང་མ་ཡང་རྒྱལ་སྤྱིའི་སྡིངས་ཆར་ཕེབས་རོགས་གནང་། དེར་སོང་ནས་སོ་སའི་ཉམས་ཞིབ་ཀྱི་རིག་ལམ་ཡར་རྒྱས་གཏོང་རོགས་གནང་ཞེས་ཞུ་ཡི་ཡོད་ལ།  ཉེ་ལམ་ཁ་ཤས་བོད་རིག་པའི་ཚོགས་འདུར་ཞུགས་པའི་ཉམས་མྱོང་ཡོད་དུས་སོ་སོའི་ཉམས་མྱོང་དེ་ཕན་ཚུན་བརྗེ་རེས་གནང་རོགས་ཞེས་གསུངས་བཤད་གནང་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ་ནི་དེ་རིང་ཚེས་༡༨ནས་༢༠བར་སྟེ་ཉིན་གསུམ་རིང་ཚོགས་རྒྱུ་ཡིན་པ་དང་། ཉིན་གཅིག་ལ་ཚོགས་དུས་བཞི་ཡོད་པ་ལས་ཚོགས་དུས་རེར་ཉམས་ཞིབ་པ་གཉིས་རེ་ཡིས་སོ་སོའི་བརྗོད་གཞི་དེ་སྐར་མ་༢༠ནང་གཏམ་བཤད་གནང་རྗེས། སྐར་མ་༢༠ཡི་དྲི་བ་དྲིས་ལན་གནང་དགོས་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།