སྒོ་གསུམ་ཞི་ཞིང་དུལ་བ་ཞིག་བྱེད་དགོས།

 པར་འདེབས།

༢༠༡༦།༡༠།༠༦ཉིན་སྤེལ། ཚང་མས་ལག་ལེན་བསྟར་ཏེ་སྒོ་གསུམ་ཞི་ཞིང་དུལ་བ་ཞིག་བྱེད་དགོས་པ་རེད་ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཉིན་མཐའ་མའི་ཐེ་ཝན་གྱི་དད་ལྡ་ཆོས་ཞུ་བའི་གསུང་ཆོས་སྐབས་བཀའ་སློབ་རྩལ།།

ཐེ་ཝན་ཆོས་ཞུ་བ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཟླ་འདིའི་ཚེས་༣ནས་༦བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་བཞི་བརྒྱ་པའི་གསུང་ཆོས་བཀའ་དྲིན་ཆེ་གནང་མཛད་ཡོད་པ་དང་། དེ་རིང་སྔ་དྲོ་ཆུ་ཚོད་༡༠།༣༠ཐོག་ཉིན་བཞིའི་རིང་གི་བཀའ་ཆོས་དངོས་གཞི་ལེགས་པར་གྲུབ་གནང་སོང་།alt

དེ་ཡང་སྔ་དྲོའི་ཕྱག་ཚོད་༨ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་གནང་རྗེས་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་པའི་ཚིགས་སུ་བཅད་པའི་ཐོག་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་ཚུལ་དང་། དེ་ཡང་བཞི་བརྒྱ་པ་ལས། བསོད་ནམས་མིན་པ་དང་པོར་བཟློག བར་དུ་བདག་ནི་བཟློག་པ་དང་།  ཕྱི་ནས་ལྟ་བ་ཀུན་བཟློག་པ། གང་གིས་ཤེས་དེ་མཁས་པ་ཡིན། ཞེས་གསུངས་པ་ལྟར་བསོད་ནམས་མ་ཡིན་པའི་ལས་ངན་གྱི་སྤོང་ཐབས་དང་། བར་དུ་བདག་ཏུ་ལྟ་བ་བཟློག་ཚུལ། ཕྱི་ནས་སམ་མཐའ་བར་ལྟ་ཞིག་ཀུན་བཟློག་པ་ཞེས་བདག་འཛིན་གྱིས་བཞག་པའི་བག་ཆགས་སོགས་བཟློག་ཐབས། ཤེས་སྒྲིབ་ཀྱི་གཉེན་པོར་སྟོང་ཉིད་སྒོམ་དགོས་པ་སོགས་ལས་བརྩམས་ཏེ་སྔོན་འགྲོའི་བཀའ་ཁྲིད་རྒྱས་པར་སྩལ་རྗེས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ཡང་གོང་གི་ཚིགས་སུ་བཅད་པ་ལས་སྟོན་ཚུལ་སྐོར་བཀའ་ཁྲིད་ཟབ་རྒྱས་མཛད་གནང་སོང་།

དགེ་བསྙེན་གྱི་བསླབ་སྡོམ་སྩལ་གནོད། དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་གནང་། དེ་ཡང་བསོད་ནམས་མིན་པ་དང་པོར་བཟློག ཅེས་གསུངས་པ་ལྟར་མི་དགེ་བཅུ་པོ་རྣམས་སྤོང་དགོས་པའི་གལ་གནད་དང་། ཐོག་མར་ལུས་ངག་གི་ཉེས་སྤྱོད་སྡོམ་པ་དང་། གཉིས་པ་ཉེས་སྤྱོད་གང་ལས་བྱུང་བའི་ཉོན་མོངས་སྤོང་དགོས་པ། མཐར་ཉོན་མོངས་ཀྱིས་བཞག་པའི་བག་ཆགས་སྤོང་དགོས་ཚུལ་བཅས་སྲུང་བྱའི་སྐོར་བཀའ་ཁྲིད་དང་བཅས་altཏེ་དགེ་བསྙེན་གྱི་བསླབ་སྡོམ་སྩལ།

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་གིས་སྔོན་འགྲོའི་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་དང་། དགོས་པ་གང་གི་ཆེད་དུ་སྒོམ་མིན། རང་ལ་བདེ་སྐྱིད་དགོས་ན་བྱམས་བརྩེ་སྒོམ་དགོས་པ། དེ་ལྟར་བསྒོམས་པའི་ཕན་ཡོན་སྐོར་བཀའ་ཁྲིད་རྒྱས་པར་སྩལ་རྗེས་བྱང་སེམས་ཀྱི་སྡོམ་པ་འབོག་གནང་མཛད་རྗེས་ཐུབ་པའི་མཚན་སྔགས་དང་། སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག འཇམ་དབྱངས་ཀྱི་མཚན་སྔགས། སྒྲོལ་མའི་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་སྨིན་སྩལ་མཛད་ཅིང་། བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་རིང་ལུགས་ཡིན་པས་བསྟན་པ་སྤྱི་བཙན་གྱི་འགྲོ་ལུགས་ལྟར་འགྲོ་གལ་ཆེ་སྐོར་བཀའ་སློབ་སྩལ།

དབུ་མ་བཞི་བརྒྱ་པའི་བཀའ་ཆོས་ཀྱི་འཕྲོས། དབུ་མ་བཞི་བརྒྱ་པའི་རབ་བྱེད་དགུ་པ་སྟེ། ཐམས་ཅད་འབྲས་བུའི་དོན་སྐྱེ་བ། དེས་ན་རྟག་ཡོད་མིན་དེའི་ཕྱིར། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། དེ་བཞིན་གཤེགས་པ་ཡོད་མ་ཡིན། ཞེས་པ་ནས་བཟུང་སྟེ་བཀའ་ཁྲིད་མཛད་དེ་རྣལ་འབྱོར་སྤྱོད་པ་དབུ་མ་བཞི་པ་ལས་དངོས་པོ་རྟག་པ་དགག་པ་དང་བསྒོམ་པ་བསྟན་པའི་རབ་ཏུ་བྱེད་པ་དགུ་པའི་བཀའ་ཁྲིད་ལེགས་པར་གྲུབ།

མཇུག་བསྡོམས་ཀྱི་རིམ་པ། མཇུག་གི་ལམ་སྟོན་བཀའ་སློབ་སྨིན་སྩལ་གྱིས། ཚང་མར་ལག་ལེན་བསྟར་ཏེ་སྒོ་གསུམ་ཞི་ཞིང་དུལ་བ་ཞིག་བྱེད་དགོས་པར་ལམ་སྟོན་མཛད་ཅིང་། དེ་རྗེས་རྒྱའི་སྐད་ཀྱི་ཐོག་ནས་༸རྒྱལ་བའི་༸ཞབས་བརྟན་གསུང་འདོན་དང་བཅས་ཏེ་བརྟན་བཞུགས་བསྟར་འབུལ་ཞུས་རྗེས་ཆོས་ཞུ་བ་རྣམས་དང་ལྷན་དུ་དྲན་རྟེན་གྱི་སྐུ་པར་བསྒྲོན་གནང་མཛད་དེ་འདི་ལོའི་ཐེ་ཝན་དད་ལྡན་ཆོས་ཞུ་བའི་གསུང་ཆོས་ལེགས་པར་གྲུབ་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།