རྒྱ་གར་བོད་ཀྱི་གདན་ས་ཁག་གི་སློབ་གཉེར་བྱེད་སྟངས།

 པར་འདེབས།

༢༠༡༦།༡༠།༠༥ཉིན་སྤེལ། དོན་ཚན་ཆེན་པོ་ལྔའི་ཐོག་ནས་རྒྱ་གར་བོད་ཀྱི་གདན་ས་ཁག་གི་སློབ་གཉེར་བྱེད་སྟངས་སྐོར་གྱི་གནས་ཚུལ་བརྗོད་སོང་།

འདི་གར་རྒྱ་གར་གྱི་བོད་ཀྱི་གདན་གདན་སའི་སློབ་གཉེར་བའི་རང་བཞིན་བརྗོད་པ་དྲི་མེད་ཤེལ་དཀར་རབ་གསལ་མེ་ལོང་ཞེས་པ་ཞྀག་རྩོམ་པ་པོ་བ་ཧ་ར་ལགས་ཀྱིས་མཁོ་སྤྲོད་གནང་དོན།

དེ་ཡང་ཇི་སྐད་དུ།
གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གི་ཞལ་ནས།  
དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་།།
ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ།།
བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས།།
མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར།།
བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་།།


ཞེས་གསུངས་པའི་དགོངས་དོན་ལེགས་པར་བསྒྲུབས་ཤིང་ཉམས་ལེན་མཐིལ་ཕྱིན་མཛད་པའི་སྐྱེས་ཆེན་དམ་པ་གོང་མ་རྣམས་ནི་ཞི་བའི་དབྱིངས་སུ་གཤེགས་ཟིན་ཅིང་།  བཀའ་པོད་ལྔ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བས་སྐྱེས་ཆེན་དམ་པ་དག་གི་རྣམ་ཐར་ཚུལ་བཞིན་བསྐྱངས་པའི་ད་ལྟའི་བཤེས་གཉེན་གསེར་རི་འདྲ་བ་རབ་ཏུ་མོད་པོ་ཞིག་ཀྱང་རང་ལ་འཚམ་པའི་གནས་མཆོག་རེ་ན། ལ་ལས་སློབ་མ་སྐྱོང་ཞིང་། ཁ་ཅིག་ཏིང་ངེ་འཛིན་ལ་བཞུགས།  གཞན་དག་བྱ་བ་ལས་ཀྱི་འཁོར་ལོར་ཞུགས་ནས་སེམས་ཅན་གྱི་མོས་པ་སྣ་ཚོགས་པར་གང་འདོད་སྩོལ་བར་མཛད་པ་ནི་རྨད་དུ་བྱུང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཡང་རྩེ་ལགས་ཤིང་། ཁོང་ཅག་གི་མཛད་པ་ནི་དཔག་པར་དཀའ་ཞིང་བརྗོད་ཀྱིས་མི་ལང་ཕྱིར། རེ་ཞིག་དད་པའི་སྤྱི་བོར་བཀུར་ནས་སྨོན་པའི་ཡུལ་དུ་འཇོག་བཞིན། བཀའ་པོད་ལྔ་ལ་སྦྱོང་བ་ཆ་ཚང་བར་བྱེད་འདོད་པའི་དད་འདུན་ཤུགས་དྲག་གིས་ཆོས་གྲྭར་འགྲིམ་བཞིན་པ་རྣམས་ཀྱི་སློབ་གཉེར་བྱེད་ཚུལ་སོགས་འཁོར་ལོ་རྣམ་གསུམ་བརྗོད་པར་བྱ་སྟེ།   དེ་ཡང་རང་ཉིད་གདན་ས་གང་གི་ཁོངས་སུ་གཏོགས་པའི་གྲྭ་ཚང་དེའི་སློབ་གཉེར་བ་དག་གིས་ཚུལ་ཅི་ལྟར་སློབ་ཀྱིན་པའི་སྐོར་ནས་གླེང་ན་འོས་པར་སྙམ།  སྤྱི་ཡོངས་ཀྱི་ཆ་ནས་བྱེས་ཀྱི་གདན་ས་སེར་འབྲས་དགའ་གསུམ་ལ་སློབ་གཉེར་གནང་སྟངས་ལ་མི་འདྲ་བ་ཆེར་མ་མཆིས་ཀྱང་།  རང་ཉིད་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཞིག་ཡིན་སྟབས་གཞི་འཛིན་ས་གཙོ་བོ་དེའང་བཀྲ་ཤིས་སྒོ་མང་གྲྭ་ཚང་བྱས་ན་ལེགས་སྙམ།
འདིའང་གཙོ་བོ་རྒྱུན་དུ་འདི་ཕྱོགས་ཀྱི་གནས་ཚུལ་འདྲི་མཁན་གཞིས་ཀྱི་ཆོས་སྡེ་ཆེན་པོ་རྒྱལ་མོ་དགོན་གྱི་ཁོ་བོའི་ཆུང་དུས་ཀྱི་ཆོས་གྲོགས་རྣམ་པར་ཆེད་དུ་བྲིས་པ་ཡིན་ཕྱིན་རེ་གཉིས་ཤིག་གསལ་བཤད་རྒྱས་པར་བྱས་ཡོད་པའི་སྐབས་ཀྱང་ཡོད་པས་ཀློག་པ་བོ་སྤྱི་ལ་མཚམས་འདིར་དགོངས་སེལ་ཞུས་པ་ཡིན།

དང་བོ། གདན་སའི་སློབ་གཉེར་བའི་གྲངས་ཚད་དང་ཡུལ་ཕྱོགས།

དཔལ་ནཱ་ལེནྡྲ་གཉིས་པ་འཕགས་ཡུལ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སློབ་གཉེར་བའི་བརྒྱ་ཆའི་བདུན་ཅུ་ཞིག་བོད་ནས་འབྱོར་བ་ཤ་སྟག་ཡིན་ཞིང་། ཕལ་ཆེ་བ་མདོ་སྨད་ཕྱོགས་ནས་ཡིན། གཞན་དབུས་གཙང་དང་ཁམས་ཁུལ་ནས་བསླེབས་པ་མང་པོ་ཡོད། ཆེན་པོ་ཧོར་གྱི་ཡུལ་ནས་ཕེབས་པའི་སོག་རིགས་ཀྱང་དྲུག་བརྒྱ་ལྷག་ཅིག་ཡོད་པ་དང་། དེ་དག་ལས་མང་ཤོས་ཤིག་ད་ལྟའི་རང་བཙན་རྒྱལ་ཁབ་སྟེ་ཕྱི་སོག་Mongoliaནས་ཡིན་ཞིང་། གཞན་དག་ནི་ནང་སོག་དང་།  ར་ཤི་ཡའི་Russiaཁོངས་སུ་ཡོད་པའི་བྷུརྱ་ཐཱི།Buryatia
ཐཱུ་བ།Tuva  ཁཱལ་མུག་Kalmykiaབཅས་ནས་ཡིན་པའོ།།
ཧི་མ་ལ་ཡའི་རི་རྒྱུད་ཕྱོགས་ནས་ལ་དྭགས་དང་། མོན། འབྲུག  བལ་ཡུལ་གྱི་ཤར་པ་སོགས་ནས་ཀྱང་མང་པོ་ཡོད་ཅིང་། ད་དུང་། རྒྱ་གར་དང་། ར་ཤི་ཡ། ཐེ་ཝན་སོགས་ཀྱི་གྲྭ་རིགས་ཀྱང་ཉུང་ཤས་ཤིག་མཆིས་སོ།།

གཉིས་པ། གདན་སའི་སློབ་གཉེར་བའི་གཤིས་རྒྱུད་དང་འཚོ་བ།

གྲྭ་སའི་སློབ་གཉེར་བ་དག་ནི་ཕ་ཡུལ་དང་ཁ་ཐག་ཤིན་ཏུ་རིང་ཞིང་། ཕལ་ཆེ་བ་ཞིག་ཕ་ཡུལ་དང་གྱེས་ནས་ལོ་ངོ་བཅོ་ལྔ་ཉི་ཤུ་ལྷག་འགོར་ཡོད་ཀྱང་། རྒྱུ་རྐྱེན་དུ་མའི་དབང་གིས་མང་ཤོས་ཤིག་ཡུལ་གྱི་གཉེན་ཉེ་རྣམས་ལ་ཐུག་མ་ཐུབ་པར་ལུས་ཡོད། སོག་པོས་གཙོས་ཕྱི་རྒྱལ་བ་རྣམས་ཀྱང་ལོ་ལྔ་རེའི་མཚམས་སུ་མཐོང་མཆན་ཞུ་རུ་འགྲོ་དགོས་ན་མ་གཏོགས་གང་འདོད་དུ་བསྐྱོད་པའི་དགོངས་གནང་མེད་ཅིང་། རང་འདོད་དུ་བསྐྱོད་ཚེ་རྒྱུགས་སྤྲོད་པའི་ཆ་རྐྱེན་ཏེ་ཆོས་གྲྭའི་འགྲིག་རྟགས་ཀྱིས་མི་འདང་བ་དང་། དཔེ་ཁྲིད་ཀྱི་མཚམས་སོགས་ཀྱང་ཆད་འགྲོ་སྟབས་དུས་ཡུན་ཐུང་ངུ་རེའི་མཚམས་སུ་ཕ་ཡུལ་དུ་འགྲོ་མཁན་ཤིན་ཏུ་ཉུང་ཞིང་དཀོན།
དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་དག་ཀྱང་ལོ་མང་པོ་ཞིག་འགོར་ན་མ་གཏོགས་ལོ་གཅིག་གཉིས་མཚམས་སུ་ཡུལ་དུ་ལོག་པའི་གོམས་སྲོལ་མེད་པ་ལྟ་བུར་འདུག་ཅིང་། དེའང་སློབ་གཉེར་འཐུས་ཤོར་དང་འཆད་ཉན་གྱི་སྐལ་སོགས་ཆད་པར་འགྲོ་བས་ཡིན་པའོ།།  དེ་ལྟ་བུའི་ཁོར་ཡུག་གི་སློབ་གཉེར་བ་སྟོང་ཕྲག་དུ་མའི་གཤིས་རྒྱུད་ཀྱི་གཏིང་དེ་དཔག་པར་དཀའ་ནའང་། གཞན་གྱིས་བརྗོད་པ་དང་རང་གིས་དངོས་སུ་མཐོང་བའི་སྣང་ཚུལ་བསྡེབས་ཏེ་བརྗོད་པར་བྱ་སྟེ།  གྲྭ་སའི་སློབ་གཉེར་བ་ཐུན་མོང་གི་གཤིས་རྒྱུད་ནི་མངོན་ལྐོག་མེད་ཅིང་། འཇིག་རྟེན་གྱི་ཕྱོགས་ལ་འདོད་པ་ཆུང་ཞིང་ཆོག་ཤེས་ཡོད་པ།  རྩོད་པའི་སྐབས་སུ་རིགས་པའི་བརྒལ་བརྟག་ལ་གཡུལ་འཁྲུལ་དཔའ་བོའི་འཇིགས་རུང་གི་སྣང་ཚུལ་གདའ་ཡང་། ཆོས་གྲྭའི་ཕྱི་རོལ་དུ་ཕུ་ནུའི་རང་མདངས་མངོན་པ།  གསང་པོར་སྨྲ་ལ་བཞིན་གྱི་འཛུམ་ལ་རིས་མེད་པར་ཀུན་ལ་སྤྲོ་བ་སོགས་ནི་ཁོ་བོའི་རྨོངས་བློར་འཆར་ཚོད་ལ་གདན་སའི་སློབ་གཉེར་བ་ཁོ་ནར་མངའ་བའི་ཀུན་སྤྱོད་ཅིག་ལགས་པར་འདོད།  གདན་སའི་སློབ་གཉེར་བའི་འཚོ་བ་ནི་ཆེས་འོས་འཚམ་གྱི་རིགས་སུ་གཏོགས་པ་སྟེ། རང་གིས་སྒེར་བདག་བྱས་པའི་གྲྭ་ཤག་མེད་ཅིང་། གང་འདོད་གང་མོས་ཀྱི་བཟའ་བཏུང་གི་སྤུས་ལེགས་གྱ་ནོམ་དང་རྒྱས་སྤྲོས་གསོལ་ཚིགས་མེད་པར། གྲྭ་ཚང་རིན་པོ་ཆེས་གང་གནང་བའི་ཐུན་གསུམ་གྱི་བཞེས་ཟས་ཀྱིས་རྒྱུན་དུ་ཚིམས་ཤིང་ཆོག་པར་བྱས་ནས་དགའ་བས་རོལ་བཞིན་པ་འདིའང་གྲྭ་ས་ཁོ་ནའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་པར་སེམས།

གསུམ་པ། གདན་སའི་སློབ་གཉེར་བའི་ཤེས་ཚད་དང་དམིགས་ཡུལ།

གདན་སའི་སློབ་གཉེར་བྱེད་སྟངས་ལ།  གནའ་དེང་ཟུང་འབྲེལ་གྱི་རིག་པར་སློབ་པའི་ཁྱད་ཆོས་ཡོད་པ་དང་། བཀྲ་ཤིས་སྒོ་མང་གྲྭ་ཚང་ལ་མཚོན་ན། ཆེས་ཆུང་བའི་རབ་བྱུང་བ་ཡིན་ན་ཐོག་མར་གྲྭ་ཚང་གི་སློབ་གྲྭར་འགྲིམ་དགོས་ཤིང་། དེར་བོད་དབྱིན་སྐད་ཡིག་དང་།  ཨང་རྩིས། ཚད་མ་རིག་པ། ཚན་རིག  ཡིག་གཟུགས་སོགས་ལེགས་པར་སྦྱངས་ནས་གཟོད། ཆོས་གྲྭར་ཞུགས་དགོས།  
དེ་མིན་གྱི་གཞན་གསར་ཞུགས་པ་དག་ནི། འགོ་བསྡུས་གྲྭར་ཞུགས་པ་ནས་ཚད་མ་རིག་པའི་གཞུང་ལུགས་སློབ་པའི་དབུ་ཚུགས་ཤིང་།  བློ་རྟགས་བསྡུས་གསུམ་ལ་ཟུར་སྦྱོང་སྐད་ཡིག་འཛིན་གྲྭ་བཙུགས་ཏེ། ཡིག་གཟུགས་དང་བརྡ་དག           སུམ་ཅུ་བ་དང་རྟགས་འཇུག་སོགས་ཐ་སྙད་རིག་པའི་གནས་དག་ཀྱང་སྐབས་དེ་ནས་བསླབ་འགོ་རྩོམ་བཞིན་ཡོད་པ་དང་། གང་བསླབས་པ་དག་ལོ་འཁོར་རྒྱུགས་སྤྲོད་ལ་འཇོག་གིན་ཡོད། ཚད་མ་རྣམ་འགྲེལ་དང་ཕར་ཕྱིན་གྱི་འཛིན་གྲྭའི་སྐབས་ལ་སུམ་རྟགས་དག་གསུམ་དང་། སྙན་ངག་སོགས་ཅིས་ཀྱང་རྫོགས་པར་བྱ་དགོས། དབུ་མ་ནས་བཀའ་རམས་སྦུགས་ཏེ་འཛིན་གྲྭ་རྫོགས་པའི་བར་དུ་འཕགས་བསྟོད་དང་། རྟེན་འབྲེལ་བསྟོད་པ། རྣམ་ཐར་དད་པའི་འཇུག་ངོགས། ཆོས་འབྱུང་སོགས་བསླབས་ཟིན་པ་གནང་དགོས་པ་དང་། ལོ་ཤས་ཀྱི་གོང་ནས་བཟུང་༸མགོན་པོ་གང་གི་ཐུགས་དགོངས་བཞིན་མཛོད་འཛིན་གྲྭ་ནས་ཚན་རིག་སྦྱོང་བའི་འགོ་བརྩམས་ཤིང་། གུང་སེང་གི་སྐབས་གང་ཡིན་ལ་དབྱིན་རྒྱའི་སྐད་ཡིག་གི་འཛིན་གྲྭའང་འཚོགས་བཞིན་མཆིས་པ་སོགས་ནི། གྲྭ་སའི་ཐུན་མིན་གྱི་སློབ་གཉེར་བྱེད་སྟངས་ཤིག་ཡིན་ཕྱིར། གདན་སའི་སློབ་གཉེར་བ་རྣམ་པའི་ཤེས་ཚད་ནི། ཚད་མ་དང་ནང་དོན་རིག་པར་ཤིན་ཏུ་གོམས་ཤིང་ཐ་སྙད་ཀྱི་གནས་ལ་བྱང་ཞིང་། ཡིག་གཟུགས་སོགས་ཀྱང་ལེགས་པར་འབྲི་ཤེས་པར་མ་ཟད།  འཆད་པ་དང་རྩོད་པར་བྱང་ཞིང་། རང་ཚུགས་ཐུབ་པའི་རྩོམ་ཡིག་ཀྱང་སྤེལ་ནུས་པ། ཚན་རིག་ཤེས་ཤིང་མང་ཤོས་ལ་དབྱིན་རྒྱའི་སྐད་ཡིག་གི་རྨང་གཞི་ཡོད་པ་དག་ནི། གདན་སའི་སློབ་གཉེར་བའི་ཤེས་ཚད་ལ་གཞག་པར་འོས་སོ།།
ཆོས་སྡེ་གཞན་དུའང་འདི་ལས་ལྷག་ཅིང་འདི་དག་ལྟ་བའི་སློབ་གཉེར་བ་མེད་པ་མིན་མོད་དེ།  སྤྱི་ཡོངས་སམ་ཐུན་མོང་ལ་ཁྱབ་པ་ནི་གྲྭ་ས་ཁོ་ན་ཡིན་པས་དེ་ལྟར་བརྗོད་པའོ།།
གོང་དུ་བགྲང་བ་ནི་བྱེ་བྲག་གམ་ཞར་ཞོར་དུ་སྦྱོང་གིན་པ་དག་ལས།  སྦྱང་བྱ་གཙོ་བོ་ནི་མིན་ཏེ། རྣམ་དཔྱོད་ཀྱི་དབལ་གཏོད་ས་ནི་རབ་འབྱམས་ཟབ་རྒྱས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་བཀའ་པོད་ལྔའི་གླེགས་བམ་རྣམས་སོ།། དེ་ནི་གཞིར་བཞག་གིས་ཡིག་ཚོགས་སྐྱུང་བའི་ཕྱིར་དུ་མ་བྲིས་པ་ལགས།
གདན་སའི་སློབ་གཉེར་བ་མང་དག་ལ་ཆེད་དམིགས་ཀྱིས་སྐུལ་མཁན་དང་གསོལ་བ་བོ་ཡོད་མེད་ཅི་རིགས་ལགས་ཀྱང་། ཐུན་མོང་དུ་ཡོད་པའི་འདུན་པ་ནི། སྙིང་རུས་བསྐྱེད་ཅིང་ཧུར་བརྩོན་གྱིས་ཐོས་བསམ་སྒོམ་གསུམ་གཙུགས་སུ་གཙོ་བོར་བཟུང་ཞིང་། ཐ་སྙད་རིག་པའི་གནས་རྣམས་ཀྱང་ཅི་ལྕོགས་ཀྱིས་བསླབས་ནས། སངས་རྒྱས་རྒྱས་ཀྱི་བསྟན་པ་སྤྱི་དང་། སྒོས་སུ་རང་གི་གཞིས་དགོན་དང་། ཡུལ་གྱི་སེམས་ཅན་ལ་ཕན་པ་ཅུང་ཙམ་རེ་བསྒྲུབ་ཨེ་ཐུབ་སྙམ་པའི་ངང་ལྟོགས་སྐོམ་གྱི་གདུང་བ་ཁྱད་དུ་བསད་ནས་ལོ་ངོ་མང་པོར་དཀའ་ལས་མྱངས་དང་མྱོང་གིན་མཆིས་པ་དེའོ།། དེའང་རང་དགོན་དང་ཡུལ་ཕྱོགས་ལ་ཞེན་དྲགས་པས་མིན་ནའང་རང་དང་ཆེས་འབྲེལ་ཆེ་བའི་དབང་གིས་རེད་ཅེས་བརྗོད་ནའང་མི་ཆོག་པ་མེད་སྙམ།

བཞི་བ། གདན་སའི་སློབ་གཉེར་བའི་དཔེ་ཁྲིད་དང་ཆོས་གྲྭ།

གདན་སའི་སློབ་གཉེར་བ་རྣམས་ལ་ཉིན་རེར་ཉུང་མཐར་ཡང་དཔེ་ཁྲིད་གསུམ་རེ་ཡོད་པ་དང་། དཔེ་ཁྲིད་ནི་གཟའ་ཟླ་བའི་གུང་སེང་དང་། དམིགས་བསལ་དུས་ཆེན་ཁག་མ་ཡིན་པའི་མེད་པའི་དུས་མི་སྲིད་དོ།། གསུམ་གའང་ཟབ་རྒྱས་གཞུང་ལུགས་ཀྱི་སྐོར་ཡིན་པ་ལས། ཐ་སྙད་རིག་གནས་སོགས་ཀྱི་དཔེ་ཁྲིད་ཀྱི་དུས་ཡུན་དེར་བརྩིས་མེད། དཔེ་ཁྲིད་ཀྱི་ཆུ་ཚོད་ལ་ལས་དོན་གལ་ཆེན་དང་གྲྭ་ཚང་གི་ལས་རེས་སོགས་ཀྱིས་མ་ཁོམ་ན་མ་གཏོགས།  དཔེ་ཁྲིད་གཅོག་བྱེད་ཀྱི་ཕྱིའི་འགལ་རྐྱེན་དག་རྦད་དེ་མེད་ཅེས་བཤད་ནའང་ཕལ་ཆེར་རྫུན་དུ་མི་འགྲོ། དཔེར་ན། གྲོང་ཆོག་ལ་འགྲོ་བ་དང་། བཟའ་མི་འབྱོར་བ་སོགས་ལྟ་བུ་སྟེ།  དེའང་བྱེས་ཀྱི་དགེ་འདུན་པ་རྣམས་གྲོང་ཆོག་ལ་འགྲོ་བར་མ་འདོད་པ་དང་།  སྐྱ་བོ་ཚོའི་རེ་བ་བསྐང་བར་མི་བྱ་བ་ནི་མིན་ཏེ།  འགྲོ་སའི་སྦྱིན་བདག་ཀྱང་ཉུང་ལ། དེའི་ནང་དུའང་ཐེངས་མང་ལ་སྒྲུབ་མཁན་ཡང་ཉུང་ཕྱིར། གྲོང་ལ་ཆོས་བསྒྲུབ་ཏུ་བསྐྱོད་པ་ནི་སྲིད་མཐའ་ཙམ་མོ།།
དེའི་ཕྱིར། ཆོས་གྲྭ་ལའང་ཆག་མེད་དུ་འགྲིམ་པའི་གོ་སྐབས་ལྡན་ཞིང་། འཛིན་གྲྭ་རེའི་ནང་དུ་ཆོས་གྲོགས་བརྒྱ་ལྷག་ཡོད་པའང་མངའ་བས། དེ་ཚོ་དང་ལྷན་དུ་ཞོགས་པའི་ཆུ་ཚོད་དགུ་བ་ནས་བཅུ་གཅིག་བར་དང་། དགོང་མོའི་ཆུ་ཚོད་བདུན་པ་ནས་བཅུ་གཅིག་བར་བཀའ་པོད་ལྔ་ལ་རིགས་པས་བརྒལ་བརྟག་གནང་སྟེ་འདུག་ཐུབ་པ་ནི་ཅི་འདྲའི་སྐལ་བ་ལྡན་པ་ཞིག་རེད་ཨང་།
འདིའང་གཏན་ཁེལ་གྱི་དུས་ཚོད་དེ། མཚན་གྱི་ཆུ་ཚོད་བཅུ་གཉིས་ཕྱེད་ཀ་དང་དང་བོ་བར་དུ་རྩོད་པ་བརྩད་དེ་བཞུགས་མཁན་ཡང་ཡོད་དོ།།
འདི་བཞིན་ཚོགས་ཏེ་ལོ་གཅིག་གི་ནང་ནས་རགས་རྩིས་བྱས་ནའང་ཟླ་བ་བདུན་ལ་ཆག་མེད་དུ་ཆོས་གྲྭ་འཚོགས་དགོས་པའོ།།

ལྔ་བ། གདན་སའི་སློབ་གཉེར་བའི་རྒྱུགས་སྤྲོད་དང་ལས་རེས།

གདན་སའི་རྒྱུགས་སྤྲོད་ནི་ལོ་རེ་ལ་ཐེངས་གཅིག་ཙམ་སྟེ། དེ་ལ་བློ་རྒྱུགས་དང་། རྩོད་རྒྱུགས། བྲིས་རྒྱུགས་བཅས་ཡོད་པ་དང་། བློ་རྒྱུགས་ལ་གཏན་ཁེལ་གྱི་ཤོག་གྲངས་ལ་མདའ་ཚད་མ་བཅུ་དྲུག་ངེས་པར་དགོས་ཤིང་།དེའི་ཐོག་ལ་ཕར་ཕྱིན་འཛིན་གྲྭ་དྲུག་དང་དབུ་མ་འཛིན་གྲྭ་གཉིས་ཀྱིས་ལོ་དེ་དག་གི་རིང་ལ་རྒྱན་འཇུག་གཉིས་ལོ་རྟག་པར་ཡིན་གཅིག་མིན་གཉིས་སུ་རྒྱུགས་འབུལ་གནང་དགོས་པ་དང་། འཛིན་གྲྭ་རེ་རེ་ལ་གཏན་ཁེལ་གྱི་ཆོས་སྤྱོད་རེའང་ཡོད་ཅིང་། དེའང་ངེས་པར་སྤྲོད་དགོས།  དེའི་སྟེང་ལ་རང་ཉིད་ཀྱིས་ག་ཚོད་ཐུབ་ན་དེ་ལ་བྱ་དཀའ་དང་ལེགས་སྐྱེས་གྱ་ནོམ་གནང་བར་འགྱུར།   གཞུང་ཚན་དང་། ལྡབ་འཕར་སྤྲོད་པ་ཤིན་ཏུ་མང་ཞིང་། དཔེར་ན། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ཆེན་མོ། འགྲེལ་བ་དོན་གསལ། དྲང་ངེས་ལེགས་བཤད་སྙིང་བོ། གྲུབ་དོན་ས་གསུམ། རྒྱུད་གཞུང་།   བློ་རྟགས་བསྡུས་གསུམ་སོགས་གཞུང་ཆ་ཚང་ཆ་ཚང་སྤྲོད་མཁན་དང་།  བཀྲ་ཤིས་སྒོ་མང་གྲྭ་ཚང་ལ་ད་ལོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་ཤོག་གྲངས་༥༢༨ཅན་གྱི་གླེགས་བམ་གཅིག་རྒྱུགས་འབུལ་ཞུ་མཁན་གྱི་ར་ཤི་ཡའི་ཁོངས་ཀྱི་སོག་རིགས་བྷུརྱ་ཐཱི་བ་ཞིག་བྱུང་ཡོད་པ་དང་། ཁོང་གི་གྲགས་སྙན་ནི། ངས་ཤེས་ཚོད་ལྟར་ན་ཉིན་གཅིག་གི་ནང་དུ་བོད་ཕྱི་ནང་ཀུན་ལ་ཁྱབ་པར་གྱུར། གོ་ཐོས་ལྟར་ན་ལོ་སྔ་མར་ཡང་བཀའ་འགྱུར་པོ་ཏི་གཅིག་རྒྱུགས་འབུལ་ཞུས་ཡོད་པ་འདྲ།
སྒོ་མང་གྲྭ་ཚང་གི་བློ་རྒྱུགས་ནི་རང་ལ་གང་ཡོད་པ་དེ་རང་གཅིག་པུས་སྐྱོར་དགོས་ཕྱིར་བློ་ཐོག་ལ་ཤར་ཤར་སྐྱོར་ཐུབ་པ་ཞིག་ཅིས་ཀྱང་དགོས་ཏེ། དེ་མིན་བསྐྱར་རྒྱུགས་དང་། ཐལ་དྲགས་ན་མ་འཕྲོད་པའི་གྲལ་དུའང་གཞག་སྲིད།
རྩོད་རྒྱུགས་ནི། གྲྭ་མང་གི་དབུས་སུ་རྟགས་གསལ་དང་ལན་གཉི་གར་སྐར་མ་བཅོ་ལྔ་བཅོ་ལྔ་རེ་བཞུགས་དགོས་པ་དང་། ཕར་ཕྱིན་མན་ཆད་ཀྱིས་རང་འདོད་ཀྱིས་རྟགས་གསལ་རེ་བསྒྲིགས་ཏེ་གཏང་ན་ཆོག་ཀྱང་། ཕར་ཕྱིན་ཡན་ཆད་ཀྱིས་རྟགས་གསལ་འགོ་ཙམ་བྲིས་ཡོད་པའི་ཤོག་བུ་དག་ལས་གཅིག་ལེན་དགོས་པ་དང་། རང་གིས་བླངས་པའི་ཤོག་བུའི་སྟེང་ན་འགོ་གསུམ་ཡོད་པས་གཅིག་ངེས་པར་གཏང་ཐུབ་དགོས། མ་ཐུབ་ཚེ་བརྒྱ་ཆ་མི་སྤྲོད་པས་རྒྱུགས་འཕྲོད་པའང་ཁག་པར་འགྱུར།
བྲིས་རྒྱུགས་ནི།  རང་རང་གི་གྲལ་རིམ་ཨང་གི་སར་བསྡད་དེ།
རེའུ་མིག་དགང་དགོས་པ་དག་བཀང་ན། དུས་གཅིག་ཏུ་རྒྱུགས་ཤོག་སྤྲོད་ཅིང་། དྲི་བ་བདུན་ལས་ལྔ་ལ་ངེས་པར་ལན་བྲི་དགོས།དེའང་སློབ་གྲྭ་བ་དག་གི་དྲི་བའི་ལན་འདེབས་པ་དང་ཤིན་ཏུ་མི་མཚུངས་ཏེ། དྲི་ཤོག་གི་དངོས་སུ་དྲི་བ་ཙམ་ལས་ལན་འབྲི་སའི་བར་སྟོང་སོགས་གང་ཡང་མེད་པ་དང་། ལན་འབྲི་སའི་འབྲི་དེབ་ཆེན་པོ་ཞིག་ཐོག་མར་ནང་དུ་ཡོང་སྐབས་ལེན་དགོས་པ་རེད། དྲི་ལན་ཡོངས་རྫོགས་དེའི་སྟེང་ལ་བྲི་དགོས་ཤིང་། འབྲི་དེབ་ལ་ཤོག་གྲངས་དགུ་ཙམ་ཡོད།  དྲི་བ་ངེས་ཤིང་ཡིག་རྩལ་ཡོད་ན་ཤོག་བུ་དེས་མི་འདང་བའི་སྐབས་ཀྱང་ཡོད་པ་དང་། དེ་ལྟར་ཡིན་ན་བསྐྱར་དུ་འབྲི་ཤོག་བླང་ནའང་ཆོག  དྲི་བ་རེར་ཨང་ཉི་ཤུ་དང་། ཀ་རྟགས་ཅན་ཡོད་ན་དེར་ངེས་པར་ལན་བྲི་དགོས་ཤིང་། དུས་ཡུན་ཆུ་ཚོད་གསུམ་ཙམ་ཡིན། མ་མཐའི་ཨང་སུམ་ཅུ་སོ་གསུམ་ལོན་དགོས།   མཚན་ཉིད་དང་རིག་གནས་གཉིས་ཀའི་བྲིས་རྒྱུགས་ཡོད་ཅིང་།  གཉི་ག་དུས་ཚིགས་སྔ་ཉིན་ཕྱི་ཉིན་ཡིན་ནོ།།
ལས་རེས་ལ་འགྲོ་དགོས་པ་གསུམ་ཡོད་དེ། རུང་ཁང་དང་། ཟ་ཁང་། མ་ངེས་པའི་རིགས་ཤིག་བཅས་ཏེ། རུང་ཁང་དུ་དགེ་འདུན་པ་སྤྱིའི་ཉིན་གཅིག་གི་བཞེས་བག་དང་། བཞེས་ཚལ་སོགས་ཟ་མ་བཟོ་རུ་འགྲོ་དགོས་པ་དང་། གྲྭ་བ་ཤིན་ཏུ་མང་བས་རེས་འཁོར་ན་ཟླ་གཅིག་གི་ནང་དུ་ཐེངས་གཅིག་ཙམ་ལས་འགྲོ་མི་དགོས།  ཉིན་དེར་ཅུང་ཙམ་དཀའ་ངལ་ཡོད་ཀྱང་དགའ་བས་དང་དུ་བླངས་ཡོད་སྟབས་དཀའ་སྣང་ཅི་ཡང་མི་འབྱུང་།  གྲྭ་ཚང་གི་ཟ་ཁང་དུ་ལས་རེས་སུ་ཟླ་གཅིག་དང་ཕྱེད་ཀྱི་མཚམས་ནས་ཐེངས་གཅིག་ཙམ་ཁེལ་བ་དང་། དེར་ཟ་མ་སྣ་ཚོགས་ལས་དགོས་པས་ན་ཅུང་ཙམ་དཀའ་ལས་ཡོད་པའོ།།
མ་ངེས་པའི་ལས་ཀ་ལ་ཕལ་ཆེར་ཟླ་ཤས་ཀྱི་མཚམས་སུ་གྲྭ་ཚང་ལ་བྱ་བཞག་རེ་ཡོད་ཚེ་བསྐྱོད་པ་ལས་དམིགས་བསལ་གྱི་འདི་ཡིན་དེ་མིན་གྱི་ལས་ཀ་མེད་དོ།།

གདན་སའི་སློབ་གཉེར་བའི་རང་བཞིན་བརྗོད་པ་དྲི་མེད་ཤེལ་དཀར་རབ་གསལ་མེ་ལོང་ཞེས་པ་འདི་ནི་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་མཆོག་གིས་དཔལ་ལྡན་འབྲས་དཀར་སྤུངས་པ་ཕྱག་བཏབ་ནས་མི་ལོ་དྲུག་བརྒྱ་ཏག་ཏག་འཁོར་བའི་བཀའ་དྲིན་རྗེས་དྲན་མཚོན་སླད་དང་། གཞིས་ཀྱི་ཆོས་གྲོགས་རྣམ་པའི་ཐུགས་འདུན་གྱི་ཆ་ཙམ་བསྐང་ཕྱིར། དགག་དབྱེའི་སྐབས་ཀྱི་གུང་སེང་ལ་དྲ་མིང་ལ་བ་ཧ་རར་འབོད་པས་རྒྱ་གར་ལྷོ་ཕྱོགས་ཞི་བདེ་རྒྱ་མཚོ་དང་། བྷེ་དའི་ཡུལ།  རི་བོ་མ་ལ་ཡ། རིམ་པ་བདུན་གྱི་ས་འོག    གྲུབ་ཆེན་བརྒྱད་ཅུའི་གནས་ཆེན་དག་དང་ཐག་ཤིན་ཏུ་ཉེ་བའི་སའི་ཆ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་རེབ་ཚ་ཤེས་རིག་གླིང་ནས།

ཕྱི་ལོ་༢༠༡༦ལོའི་ཟླ་༩ བའི་ཚེས་༣༠ཉིན་གྱི་མཚན་མོར།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།