ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་ལྡན་པའི་མི་ཞིག་བྱེད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༠༣ཉིན་སྤེལ། མིའི་ལྷན་སྐྱེས་བྱམས་བརྩེ་ལྡན་པ་ཡིན་པ་དང་། དེ་ལ་བརྟེན་ནས་ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་ལྡན་པའི་མི་ཞིག་བྱས་ཏེ། ཁྱིམ་ཚང་། སྤྱི་ཚོགས་བཅས་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་དགོས།

དེ་རིང་སྔ་དྲོ་བཞུགས་སྒར་དྷ་ས་ཐེག་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་ཆོས་ཞུ་བ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་བཞི་བརྒྱ་པའི་གསུང་ཆོས་བཀའ་དྲིན་ཆེ་གནང་མཛད་གནང་སོང་བ་དང་། ད་ལན་གྱི་བཀའ་ཆོས་འདིར་ཐེ་ཝན་གྱི་ཆོས་ཞུ་བ་གྲངས་ ༡༡༠༠ དང་། རྒྱ་ནག་གི་ཆོས་ཞུ་བ་གྲངས་ ༣༢ དེ་བཞིན་རྒྱ་གར་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༥ ནས་བཅར་བའི་ཆོས་ཞུ་བ་གྲངས་ ༡༦༣༨ གཞན་ཡང་རང་རིགས་བཅས་ཁྱོན་མི་གྲངས་ ༦༦༠༠ ལྷག་འཛོམས་ཡོད་འདུག

altདེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་བདེ་འཁོད་གྲུབ་མཚམས་པཱ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ལའང་རྒྱ་བོད་གཉིས་ལས་རྒྱ་རིགས་རྣམས་དགེ་ཕྲུག་རྒན་པ་དང་། བོད་སོག་དགེ་ཕྲུག་གཞོན་པ་ཡིན་ནའང་དགེ་ཕྲུག་གཞོན་པ་རྣམས་ཤེས་ཚད་དམན་པ་མེད་ལུགས། དེ་ནི་མཁན་ཆེན་ཞི་འཚོའི་ཐུགས་རྗེ་བཀའ་དྲིན་ཡིན་ཚུལ། བཀའ་བསྟན་པོ་ཏི་སུམ་བརྒྱ་དང་། དེའི་དགོངས་འགྲེལ་བོད་ཀྱི་མཁས་པས་བརྩམས་པ་པོ་ཏི་ཁྲི་གཉིས་ཙམ་ཡོད་པ། ལྷག་པར་ཚད་མ་རིག་པ་བོད་དུ་ཡོད་པ་ལྟ་བུ་ནང་པའི་ཡུལ་གྲུ་སུ་གཅིག་ལའང་མེད་ཚུལ། དེ་ལྟར་ཕ་མེས་ཀྱི་གཅེས་ནོར་ལ་བདག་སྤྲོད་བྱེད་གལ་ཆེ་ཚུལ་དང་། ཆོས་ཞུར་བཅར་འབྱོར་རྣམས་ལ་འཚམས་འདྲི་ཞུས་གནང་སོང་།

ཡིད་བློའི་བདེ་སྡུག་སྐོར་ལ་གསུང་དོན། ཡིད་བློའི་བདེ་སྡུག་དང་། ལུས་ཀྱི་བདེ་སྡུག་གི་བར་ཁྱད་དང་། བདེ་སྐྱིད་ཡོང་བ་ལ་ཡིད་བློའི་བདེ་སྐྱིད་སྒྲུབ་དགོས་པ་དང་། ཡིད་བློའི་སྒྲུབ་པ་ལ་བློ་སྦྱོང་དགོས་པ་གལ་གནད་ཆེ་ཚུལ། ཕྱི་དངོས་པོའི་ཡར་རྒྱས་ཀྱིས་ནང་སེམས་ཀྱི་བདེ་སྐྱིད་མི་ཡོང་བ་ནུབ་ཕྱོགས་ཡར་ཐོན་ཅན་གྱི་ཡུལ་གྲུའི་ནང་མངོན་གསལ་དོད་པོ་ཡིན་ཚུལ་སྐོར་བཀའ་སློབ་སྩལ་གནང་སོང་།

ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་ལྡན་པའི་མི་ཞིག་བྱེད་དགོས་པ། ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་སློབ་སྦྱོང་སྤྲོད་ཐབས་སུ་ཚན་རིག་པ་དང་། བོད་མི་ཐུན་མོང་ནས་སློབ་དེབ་ཅིག་ཕྱོགས་སྒྲིག་ཞུ་བཞིན་པ་དང་། ལོ་རྗེས་མར་པར་དུ་ཐོན་འཆར་སྐོར། མིའི་ལྷན་སྐྱེས་བྱམས་བརྩེ་ལྡན་པ་ཡིན་པ་དང་། དེ་ལ་བརྟེན་ནས་ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་ལྡན་པའི་མི་ཞིག་བྱས་ཏེ། ཁྱིམ་ཚང་། སྤྱི་ཚོགས་བཅས་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་དགོས་པའི་བཀའ་སློབ་སྩལ།

ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་སྐོར། ཆོས་ལུགས་དབར་མི་མཐུན་པའི་འཐེན་འཁྱེར་གྱིས་དམག་འཁྲུག་བྱེད་པ་ནི་བསམ་མི་ཕོད་པ་ཞིག་ཡིན་ཚུལ་དང་། ཆོས་ལུགས་རྣམས་ལྟ་གྲུབ་མི་མཐུན་ནའང་འཆམ་མཐུན་ངང་གནས་ཐུབ་པ་རྒྱ་གར་འཕགས་ཡུལ་དཔེ་མཚོན་ཡིན་ཚུལ། ལྟ་གྲུབ་མི་འདྲ་བ་རྣམས་དགོས་མཁོ་ཡོད་པ་དང་། དེའི་ཐོག་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ལ་དགེ་ཕན་ཡོད་པ། ནང་པ་རྣམས་ཀྱིས་ཆོས་ལུགས་མཐུན་ལམ་བྱ་རྒྱུ་ལས་འགན་གཙོ་བོ་ཞིག་ཡིན་ཚུལ། ཆོས་ལུགས་ཚང་མར་གུས་པ་བྱེད་དགོས་པ་དང་། རང་ཉིད་ཀྱི་ཆོས་བརྒྱུད་ལ་དད་པ་བཅས་དད་གུས་ཀྱི་ཁྱད་པར་དང་བཅས་པའི་ཐོག་ལམ་སྟོན་གྱི་བཀའ་བཟང་རྒྱས་པར་ཕེབས་རྗེས་ཆོས་བར་དང་སྟབས་བསྟུན་གྱིས་དྲི་བ་དྲིས་ལན་གྱི་སྐལ་བཟང་གོ་སྐབས་སྩལ་གནང་རྗེས་ཆུ་ཚོད་༡༡དང་སྐར་མ་ཐོག་ཉིན་དང་པོའི་བཀའ་ཆོས་ཀྱི་ཆོས་ཐུན་ལེགས་པར་གྲུབ་གནང་སོང་།

གསར་འགོད་པས་འཇམ་དབྱངས་རིན་ཆེན་ལགས་སུ་ཐེ་ཝན་ནས་ཆོས་ཞུ་བ་ག་ཚོད་ཕེབས་ཡོད་མེད་དང་། གསུང་ཆོས་འདི་གནང་དགོས་པའི་རྒྱུ་མཚན། རྒྱ་རིགས་གྲོགས་པ་ཚོར་གསུང་ཆོས་ཞུས་རྗེས་ཕན་ཐོགས་གང་བྱུང་གི་ཡོད་མེད་སྐོར་ལ་བཅར་འདྲ་བྱེད་སྐབས་ཁོང་གིས་གསུང་དོན།  གསུང་ཆོས་ཞུ་མཁན་ཐེ་ཝན་ནས་༩༥༠དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་༥༠མ་ཟིན་ཙམ་སླེབས་ཡོད་འདུག སྤྱིར་དུས་རྒྱུ་འདིར་གནས་སྡོད་བྱེད་མཁན་དང་། ས་ཕྱོགས་མི་འདྲ་བ་ཁག་ནས་སླེབས་པ་བཅས་ཁྱོན་ཐེ་ཝན་གྱི་མི་༡༠༠༠ལྷག་ཡོད་འདུག

ད་ཐེངས་ཀྱི་གསུང་ཆོས་གནང་རྒྱུ་གཙོ་བོ་དེ་མགོན་པོ་ཀླུ་སྒྲུབ་ཀྱི་མཛད་པའི་དབུ་མ་བཞི་རྒྱ་པའི་སྐོར་ལ་རེད། དེ་ཡང་གཙོ་བོ་ད་ཐེངས་ཀྱི་གསུང་ཆོས་འདིའི་སྐབས་དབུ་མ་བཞི་རྒྱ་པའི་སྐོར་ལ་གསུང་ཆོས་གནང་གི་ཡིན་ཞེས་༧གོང་ས་མཆོག་གི་བཀའ་གནང་སོང་། ན་ནིང་ལོར་དབུ་མ་རྩ་བ་ཤེས་རབ་བཀའ་ཁྲིད་གནང་བ་དང་། ད་ལོ་དབུ་མ་བཞི་རྒྱ་པའི་སྐོར་ལ་རེད། དེ་གནང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་༧གོང་ས་མཆོག་གིས་གསུང་གི་ཡོད་པ་རེད། སྟོང་པ་ཉིད་ཀྱི་ལྟ་བ་སློབ་སྦྱོང་བྱེད་པར་ངེས་པར་དུ་རྒྱ་གར་གྱི་མཁས་པའི་གཞུང་རྩ་བ་ཤེས་རབ་དང་། དབུ་མ་བཞི་རྒྱ་པ། དབུ་མ་འཇུག་པ་གཟིགས་དགོས་པ་རེད་ཅེས་ཡང་ཡང་བཀའ་གནང་གི་ཡོད་པ་རེད་ཅེས་དང་། 

རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་མཁན་གྱི་ཆོས་ཞུ་བ་ཚོར་༧གོང་ས་མཆོག་གི་གསུང་ཆོས་འདིས་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པ་རེད། གང་ཡིན་ཟེར་ན། ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་འགྲོ་བ་ཙམ་གྱིས་སེམས་ཀྱི་དཀའ་ངལ་སེལ་མ་ཐུབ་པ་དེ་ཁོ་རང་ཚོས་ཉམས་མྱོང་གི་ཐོག་ནས་ཤེས་ཀྱི་ཡོད་པ་རེད། སེམས་ཀྱི་དཀའ་ངལ་སེལ་བ་ལ་སེམས་ཀྱི་ཐོག་ནས་ཡོན་ཏན་བསྒྲུབ་དགོས་ཀྱི་ཡོད་པ་རེད། སེམས་ཀྱི་ཐོག་ནས་ཡོན་ཏན་བསྒྲུབ་དགོས་རེད་ཅེས་སློབ་གྲྭ་ཁག་ནང་དེ་འདྲ་བསླབ་ཀྱི་མེད་པ་རེད། སློབ་གྲྭའི་སྐབས་མང་ཆེ་ཤོས་འདི་བྱེད་ཆོག་གི་རེད། འདི་བྱེད་ཆོག་གི་མ་རེད་ཟེར་ཙམ་མ་གཏོགས་སེམས་ཀྱི་ཐོག་ནས་བསམ་བློ་གཏོང་སྟངས་གང་འདྲ་བྱས་ནས་གཏོང་དགོས་ཡོད་མེད་རྒྱུ་མཚན་དང་ལྡན་པའི་ཐོག་ནས་བསམ་བློ་གཏོང་མཁན་ཧ་ཅང་གིས་དཀོན་པོ་རེད།དེར་བརྟེན་ནང་ཆོས་ཀྱི་ཐོག་ནས་བསླབ་བྱ་ཐོབ་ཀྱི་ཡོད་པར་བརྟེན་ཁོང་ཚོས་ནང་ཆོས་ལ་དོ་སྣང་བྱེད་དགོས་པ་དེ་སེམས་ཀྱི་དཀའ་ངལ་འཕྲད་པར་བརྟེན་ཕན་ཐོགས་ཆེན་པོ་བྱུང་གི་མེད་དམ་དྲན་གྱི་ཡོད་ཅེས་གསུངས་གནང་སོང་།།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།