གྲོས་ཚོགས་དང་སྤྱི་འཐུས་གསར་པ་བཞི།

 པར་འདེབས།

༢༠༡༦།༠༩།༣༠ཉིན་སྤེལ། གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་སྐབསསུ་སྤྱི་འཐུས་བཞི་ལ་བཅར་འདྲི་བྱས་པ།

དེ་ཡང་འདི་གའི་གསར་འགོད་པས་སྐབས་བཅུ་དྲུག་པའི་སྤྱི་འཐུས་གསར་པ་ཁག་གཅིག་ལ་ཐེངས་འདིའི་གྲོས་ཚོགས་སྐབས་གླེང་སློང་གཙོ་བོ་གང་གི་སྐོར་ལ་བྱས་ཡོད་མེད་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མིའི་ལམ་གྱི་སྲིད་བྱུས་དང་བོད་རྒྱའི་གནད་དོན་སྐོར་གླེང་སྐབས་འདོད་བློ་ཁེངས་དང་མ་ཁེངས། དེ་བཞིན་ད་ཐེངས་ཀྱི་གྲོས་ཚོགས་དེ་ལམ་ལྷོངས་ཇི་ལྟར་བྱུང་མིན་སྐོར་ལ་བཅར་འདྲི་བྱས་པ་གཤམ་གསལ།
altསྤྱི་འཐུས་བློ་བཟང་ཆོས་འབྱོར།
༡། ད་ལྟའི་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་སྐབས་བརྗོད་གཞི་གཙོ་ཆེ་ཤོས་གང་གི་སྐོར་ལ་གླེང་ཡོད་དམ།  ལན། སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་བྱུང་ཚར་བ་དེར་དྲི་བ་དྲིས་ལན་དང་། དེ་ལ་འཕྲོས་དོན་དྲི་བ་དེ་འདྲ་རེད། དེ་དང་མཉམ་དུ་སྐར་རྟགས་ཅན་གྱི་དྲི་བ་ཡི་ནང་རིགས་ཁ་ཤས་ཤིག་མ་འོངས་པར་གསར་འབྱོར་གྱི་སྡོད་ཁང་བརྒྱབ་རྒྱུ་ལ་སོགས་དང་། གཞན་ཡང་བོད་རྒྱའི་གྲོས་མོལ་གྱི་སྐོར་ལ་འཆར་གཞི་གང་ཡོད་མེད་བཅས་གཙོ་ཆེ་ཤོས་དེ་ཚོའི་ནང་མེད་པ་ཞིག་མེད་འདུག

༢། བོད་རྒྱའི་གནད་དོན་སྐོར་ལ་གླེང་སློང་གང་འདྲ་བྱུང་ཡོད་དམ། ལན། དུས་རྒྱུན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཟེར་བ་ཞིག་འཁྱེར་ཡོང་གི་ཡོད་རེད། ད་རེས་ཡང་འཁྱེར་ཡོད་རེད། སྤྱི་འཐུས་རྣམ་པ་ཚོས་ཉིན་བཞིའི་རིང་བགྲོ་གླེང་གནང་ཡོད་རེད། བཀའ་ཤག་གིས་ཀྱང་གསལ་བཤད་བྱས་ཡོད་རེད་དེ་བོད་ནང་དུ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་གང་འདྲ་ཞིག་ཡོད་རེད། དཔལ་འབྱོར་དབྱེ་འབྱེད་གང་འདྲ་བྱས་ནས་འབྱེད་ཀྱི་ཡོད་རེད། ཁོར་ཡུག་གཏོར་བཤིག་གང་འདྲ་བྱས་ནས་གཏོང་གི་ཡོད་རེད། ཆོལ་ཁ་གསུམ་མི་འདྲ་བ། རྫོང་དང་རྫོང་མི་འདྲ་བ་གང་འདྲ་བྱས་ནས་རེད་ལབ་ཡོང་ན་ཞིབ་ཚགས་པོ་བྱེད་མཁན་དེ་སྲིད་བྱུས་ཉམས་ཞིབ་ཁང་ཡོད་སྲིད་ཀྱི་རེད་དེ། ཕྱི་ཕྱོགས་མི་སླེབས་ཡོང་ན་ལྟ་ཆོག་ཆོག་དང་། སོ་སོའི་མི་ལ་སློབ་ཆོག་ཆོག་ཅིག་ད་དུང་ཡིན་ཡང་ཞིབ་འཇུག་གི་གྲུབ་དོན་སྒང་ལ་སླེབས་ཡོད་མ་རེད། དུས་རྒྱུན་གྱི་ལམ་ལུགས་སྲོལ་བྱས་ཏེ་བོད་མི་རིགས་ཀྱི་ཛ་དྲག་གི་གནས་སྟངས་སྐོར་ལ་བགྲོ་གླེང་བྱེད་རྒྱུ་དང་། གདུང་སེམས་མཉམ་སྐྱེད་གྲོས་ཆོད་རིམ་པ་དེ་བྱེད་ཐུབ་ཡོད་རེད།

༣། སྲིད་སྐྱོང་གིས་དབུ་མའི་ལམ་དང་བོད་རྒྱའི་གནད་དོན་སྐོར་ལ་བརྗོད་སྐབས་ཁྱེད་རང་འདོད་བློ་ཁེངས་དང་མ་ཁེངས་པ་གང་འདྲ་བྱུང་ཡོད་དམ། ལན། དབུ་མིའི་ལམ་གྱི་སྐོར་ལ་དུས་རྒྱུན་གསུང་གི་ཡོད་པ་བཞིན་དམ་འཛིན་བྱེད་ཀྱི་ཡིན་ཟེར་བ་དེ་རེད། བོད་རྒྱ་གྲོས་མོལ་དང་དབུ་མའི་ལམ་དང་འབྲེལ་ནས་གླེང་མོལ་བྱུང་ཡོད་རེད་དེ་ནམ་རྒྱུན་སྲིད་སྐྱོང་གིས་འཆར་ཅན་གསུང་བསྡད་པ་དེ་མ་གཏོགས་གསར་པ་ཞིག་དམིགས་བསལ་གྱིས་གོ་མ་སོང་།

༤། ད་ཐེངས་གྲོས་ཚོགས་སྤྱི་ཡོངས་ཀྱི་ཆ་ནས་ལམ་ལྷོངས་གང་འདྲ་བྱུང་སོང་ངམ། ལན། ང་རང་ལ་འདོད་བློ་ཁེངས་པ་དེ་འཐུས་མི་༢༣གསར་པ་སླེབས་ཡོད་རེད། བརྒྱ་ཆའི་༥༠ལས་བརྒལ་བ་དེ་གསར་པ་ཡིན་དུས་དྲི་བ་དྲིས་ལན་བྱེད་སྟངས་ཀྱི་ཐོག་ང་རང་གི་འདོད་པ་འཚིམས་སོང་། གཅིག་བྱས་ན་ཁྲག་ཚ་བོ་ཡིན་པས་སྲིད་ཀྱི་རེད། གང་ལྟར་ཆ་ཤས་ལེན་སྟངས་ཀྱི་ཐད་ནས་མི་འདྲ་བ་ཞིག་མཐོང་སོང་། ཚོགས་གཙོ་ལ་ཆ་བཞག་ན་དྲི་བ་ག་རེ་གཏོང་གི་འདུག དྲི་བ་དེ་ལ་ལན་ག་རེ་བརྒྱབ་ཀྱི་འདུག དེ་ཚོར་སྟངས་འཛིན་བྱེད་ཕྱོགས་ཀྱི་ཐད་ནས་ལྷོད་ཆ་དོད་པོ་མཐོང་སོང་། གྲོས་ཚོགས་ལ་ཆ་བཞག་ན་སྤྱིར་བཏང་གི་ཆ་ནས་ལམ་ལྷོངས་ཡང་བྱུང་ཡོད་རེད། ཕྱི་ཚེས་༢༠ཉིན་གྱི་གྲོས་ཚོགས་ཚོགས་དུས་ཀྱི་འགོ་འཛུགས་ཀྱི་ཉིན་མོའི་རེ་བ་ལས་བརྒལ་བ་ཞིག་མཐོང་སོང་།

altསྤྱི་འཐུས་ཚེ་དབང་རིག་འཛིན།
༡། ད་ལྟའི་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་སྐབས་བརྗོད་གཞི་གཙོ་ཆེ་ཤོས་གང་གི་སྐོར་ལ་གླེང་ཡོད་དམ། ལན། གཙོ་ཆེ་ཤོས་ལྷན་ཁང་ཁག་གི་ལས་བསྡོམས་དེ་ཆགས་ཡོད་པ་རེད། དེར་བརྟེན་བཀའ་བློན་རྣམ་པ་ཚོས་སྙན་སྒྲོན་ཞུས་གནང་བ་དང་། དེ་རྗེས་སྤྱི་འཐུས་རྣམ་པ་ཚོས་དེའི་ཐོག་དོགས་འདྲི་དང་གསལ་བཤད་ཞུས་གནང་ཡོད་པ་དེ་གཙོ་ཆེ་ཤོས་ཆགས་ཡོད་པ་རེད་དྲན་གྱི་ཡོད། ལས་རིམ་གྱི་ཆ་ནས་དེ་རིང་གྲོས་ཚོགས་མཇུག་སྒྲིལ་གནང་བ་རེད་ལ་སྤྱི་ཡོངས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་ལ་གླེང་སློང་བྱུང་གནང་བ་རེད། རང་ངོས་ནས་གྲོགས་ཚོགས་འདི་ཡག་པོ་ཞིག་བྱུང་སོང་དྲན་གྱི་ཡོད། ལྷག་པར་དུ་དཔལ་ལྡན་ཚོགས་གཙོ་མཆོག་གི་སྟངས་འཛིན་རེད། ཁོང་གིས་མཇུག་བསྡོམས་ཀྱི་གསུང་བཤད་དེ་གནད་ལ་ཁེལ་བ་ཞིག་གནང་སོང་བས་གྲོས་ཚོགས་སྤྱི་ཡོངས་ནས་ཡག་པོ་བྱུང་སོང་བསམ་གྱི་ཡོད།

༢། གྲོས་ཚོགས་ཀྱི་གླེང་སློང་ནང་ཁྱེད་རང་ལ་འདོད་བློ་ཁེངས་དང་མ་ཁེངས་བྱུང་ཡོད་དམ། ལན། དེ་སྔ་གྲོས་ཚོགས་ཀྱི་ཁོར་ཡུག་གི་གནས་སྟངས་དང་། ཉེ་དུས་ཚོགས་དུས་དང་པོ་ཚར་བ་རེད། ད་རེས་ཚོགས་དུས་གཉིས་པའི་ནང་བཅར་སྐབས་རང་ཉིད་ལ་ཚོར་བ་ཏོགས་ཙམ་བྱུང་བའི་ཐོག་ནས་སྐབས་དེ་དུས་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་ལ། ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་གི་བཀའ་སློབ་ཕེབས་ཟིན་པ་རེད། དེར་བརྟེན་ཕྱོགས་རེས་དང་། ཆོལ་ཁ། ཕྱོགས་ལྷུང་གི་གནད་དོན་སྤང་བའི་ཐོག་ནས་བཟང་སྤྱོད་དང་ལྡན་པའི་ཐོག་བོད་མི་མང་གི་ཆེད་དུ་ལས་དོན་བསྒྲུབ་དགོས་པ་རེད་ཅེས་ང་རང་གི་ངོས་ནས་བསམ་ཚུལ་དེ་ཞུས་པ་ཡིན།

དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་ནས་སྐབས་དེ་དུས་བསམ་འཆར་ཞུས་པ་ཡིན། ངས་ངོས་འཛིན་བྱེད་པ་དེ་ཤེས་རིགས་བཀའ་བློན་གྱིས་དབུས་པས་འབྲེལ་ཡོད་རྣམ་པ་ཚོའི་ངོས་ནས་བྱང་ཨ་རིར་ཡོད་པའི་བོད་མི་ཚོར་གཟའ་མཇུག་སློབ་གྲྭའི་བོད་ཡིག་ཀློག་དེབ་དེ་ཁོ་རང་ཚོའི་ངོས་ནས་དཔར་བསྐྲུན་ཞུས་ཏེ་ལས་དོན་ཆེན་པོ་ཞིག་བསྒྲུབས་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། དེ་དང་སྦྲགས་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་ཁོང་རང་ཚོར་ཐུགས་རྗེ་ཆེ་ཞུས་པ་ཡིན། དེ་དང་མཉམ་དུ་སྤྱི་ཚོགས་ཁྲོད་དཔེ་དེབ་ནང་ནོར་འཁྲུལ་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཆགས་ཡོད་པ་རེད། དེ་དང་མཚུངས་ཤེས་རིགས་བཀའ་བློན་མཆོག་གིས་ངོས་ལེན་བྱས་པ་རེད་ལ་འབྱུང་འགྱུར་འདིའི་རིགས་དེ་མི་ཡོང་བ་ཞིག་བྱེད་དགོས་རེད་ཅེས་ཞུས་པ་ཡིན།

༣། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྐབས་དབུ་མའི་ལམ་དང་བོད་རྒྱའི་གནད་དོན་སྐོར་ལ་གླེང་སློང་གང་འདྲ་བྱུང་ཡོད་དམ། ལན། སྤྱི་ཡོངས་ཀྱི་བཀའ་ཤག་གི་གསལ་བཤད་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་དང་འབྲེལ་བའི་ཐོག་ནས་མ་ཡིག་ནང་གསལ་པོ་འཁོད་ཡོད་པ་རེད། དེའི་ཐོག་ཧ་ཅང་གི་གལ་ཆེ་ཤོས་ཆགས་ཀྱི་ཡོད་རེད་དྲན་གྱི་མི་འདུག གང་ཡིན་ཟེར་ན། གནད་དོན་ཁ་ཤས་བཀའ་ཤག་གི་གསུང་ཆོག་པ་དང་མི་ཆོག་པ་མང་པོ་ཡོད་རེད། དེ་ཚང་མས་མཁྱེན་པའི་ཐོག་ནས་བཀའ་ཤག་གི་གནས་སྟངས་དང་བསྟུན་ནས་ག་ཚོད་གསུང་གནང་གི་འདུག་ལྟ་དགོས་རེད།  གཞན་མང་པོ་ཞིག་ཕྱི་ལ་གསུང་པ་ཡིན་ན་དོན་དག་ལ་ཕན་གྱི་ཡོད་དང་གནོད་ཀྱི་ཡོད་དེ་ཧ་གོ་ཡི་མེད་པར་བརྟེན་ངའི་ངོས་འཛིན་ཞུ་སྟངས་དེ་ཡིན།
 
༤། སྲིད་སྐྱོང་གིས་དབུ་མའི་ལམ་དང་བོད་རྒྱའི་གནད་དོན་སྐོར་ལ་བརྗོད་སྐབས་ཁྱེད་རང་འདོད་བློ་མ་ཁེངས་དང་མ་ཁེངས་གང་འདྲ་བྱུང་ཡོད་དམ། ལན། སྤྱི་ཡོངས་ནས་ལས་བསྡོམས་ནང་ཡོད་པ་ནང་བཞིན་འཁོད་ཡོད་རེད། ཕྱི་དྲིལ་བཀའ་བློན་ཕྱོགས་ནས་ཡང་བསྐྱར་གསལ་བཤད་གནང་སྟེ་སྤྱི་ཚོགས་ནང་ལས་འགུལ་ག་ཚོད་སྤེལ་ཡོད་པ་གསལ་བཤད་གནང་བའི་ཐོག་ནས་ཞིབ་ཕྲ་ཞིག་འགྲེལ་བཤད་སྐྱོན་གནང་སོང་།

སྤྱི་འཐུས་དོན་གྲུབ་བཀྲ་ཤིས།

alt ༡། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྐབས་དབུ་མའི་ལམ་དང་བོད་རྒྱའི་གནད་དོན་སྐོར་ལ་གླེང་སློང་གང་འདྲ་བྱུང་ཡོད་དམ། ལན། ད་རེས་སྐབས་༡༦པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་ཀྱི་ཚོགས་ཉིན་དང་པོར་བོད་ནང་གི་གནས་སྟངས་དང་འབྲེལ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱིད་ཀྱི་གྲོས་ཆོད་དང་འབྲེལ་ཆབ་སྲིད་ཀྱི་ཐོག་ལ་གླེང་སློང་གང་ལ་གང་ཙམ་བྱས་ཡོད་པ་རེད། རྩ་བའི་ད་ལྟའི་གྲོས་ཚོགས་དེ་ལྷན་ཁང་ཁག་གི་ལས་བསྡོམས་བསྐྱར་ཞིབ་དེ་རེད། འོན་ཀྱང་ཉིན་དང་པོའི་སྐབས་མང་པོ་ཞིག་གིས་གླེང་སློང་བྱེད་སྐབས་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་དེ་ད་ལྟའི་ཆ་ལ་ཡོད་པ་མ་རེད། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་གིས་ཚོགས་འདུ་རིམ་པ་བཞིན་ཚོགས་ཀྱི་ཡོད་པ་མ་གཏོགས་སྐུ་ཚབ་ད་ལྟའི་ཆར་བསྐོ་གཞག་བྱེད་ཐུབ་མེད་པ་རེད། དེ་བསྐོ་གཞག་བྱེད་དགོས་པ་རེད་ཅེས་ཤུགས་ཆེན་པོ་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་བོད་ནང་གི་གནས་སྟངས་དེ་ཛ་དྲག་ཆགས་ཡོད་པ་རེད། དེར་བརྟེན་ཕྱི་ལོག་ནས་བཀའ་ཤག་དང་སྤྱི་འཐུས་ཀྱི་ངོས་ནས་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་ཀྱི་འདུག ལྷག་པར་དུ་བཀའ་སྤྱི་གཉིས་མཉམ་འབྲེལ་གྱི་ཐོག་ནས་བཙན་བྱོལ་ནང་གི་སྐད་འབོད་དེ་ཙམ་མ་ཡིན་པར་ཕྱི་རྒྱལ་ཁག་ལ་ཞུ་གཏུག་བྱེད་དགོས་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་མང་ཚོར་བོད་དོན་གོ་རྟོགས་ཤུགས་ཆེར་སྤེལ་དགོས་པ་དང་། གལ་ཆེ་ཤོས་རྒྱ་གར་མི་མང་ལ་བོད་དོན་གོ་རྟོགས་སྤེལ་དགོས་པ་དེ་ཤུགས་ཆེན་པོ་གསུངས་སོང་།

དེ་མ་གཏོགས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་དམིགས་བསལ་གྱི་བགྲོ་གླེང་བྱས་ཡོད་མ་རེད། བཀའ་ཤག་གི་ངོས་ནས་མུ་མཐུད་དབུ་མའི་ལམ་གྱི་ཐོག་ཤར་སྐྱོད་བྱེད་ཀྱི་ཡོད་པ། དབུ་མའི་ལམ་གྱི་སྒང་ནས་གྲུབ་འབྲས་ཆེན་པོ་བྱུང་ཡོད་པ། ཨ་རའི་གཞུང་གི་ངོས་ནས་ཡིན་ཡང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རང་གི་ངོས་ནས་བོད་དོན་ཐོག་ལ་གཏམ་བཤད་ཤུགས་ཆེན་པོ་གནང་བ། དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་བྷལ་ལྗམ་གྱི་རྒྱལ་ས་བྷིར་སེལ་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་ཏེ་རྒྱལ་ཁབ་ཁག་ལྔ་བཅུ་ལྷག་གིས་མི་སྣ་ཁྱོན་གཉིས་བརྒྱ་ལྔ་བཅུ་ཕེབས་ཡོད་པ་དེ་དག་ཚང་མས་མཐའ་མའི་འབབ་ས་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཏེ་བོད་དོན་གྱི་ཐོག་ལ་ལས་འགུལ་སྤེལ་ཕྱོགས་དང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་དེ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་དགོས་ཚུལ་བཅས་མཐའ་མའི་དགོངས་དོན་གཅིག་མཚུངས་དེའི་ཐོག་བྱུང་འདུག

༢། སྲིད་སྐྱོང་གིས་དབུ་མའི་ལམ་དང་བོད་རྒྱའི་གནད་དོན་སྐོར་ལ་བརྗོད་སྐབས་ཁྱེད་རང་འདོད་བློ་ཁེངས་དང་མ་ཁེངས་གང་འདྲ་བྱུང་ཡོད་དམ། ལན།  ང་རང་གིས་སྐབས་༡༦པའི་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་ལ་ཞུས་པ་ཡིན། རྩ་བའི་གྲོས་ཚོགས་ནང་བོད་དོན་ཐོག་གླེང་སློང་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཡིན་ཡང་དང་ཐེངས་ཉིན་དང་པོའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཐོག་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་གཅིག་འཇོག་གི་ཡོད་པར་བརྟེན་གྲོས་ཆོད་དེ་གཏིང་ཟབ་མོ་ཞིག་དགོས་ཀྱི་ཡོད་པ་རེད། ཉམས་ཞིབ་རང་བཞིན་གྱི་ཐོག་གྲོས་ཆོད་འཇོག་དགོས་པ་དཔེར་ན། བོད་ནང་གི་ཁོར་ཡུག་གཏོར་སྐྱོན་བཏང་སོང་། རིག་གཞུང་རྩ་གཏོར་བཏང་སོང་ཟེར་གྱི་ཡོད་པར་བརྟེན། ས་ཆ་གང་ནས་བཏང་བ་རེད། ག་དུས་བཏང་བ་རེད། དེ་ཡང་ས་གནས་མི་མང་གི་ཡུལ་གོམས་གཤིས་ལུགས་དང་། ཆོས་དད་བཅས་གང་ལ་ཕོག་ཐུག་འགྲོ་ཡི་ཡོད་པ་རེད། དཔེར་ན་བོད་ནང་གི་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པ་དེས་མི་རིགས་གི་བླ་རི་དང་གནས་རྩ་ཆེན་མང་པོར་གཏོར་སྐྱོན་གཏོང་གི་ཡོད་དུས་ཆོས་དད་དང་འགྲོ་སྟངས་ལ་རྡོག་རོལ་གཏོང་གི་ཡོད་པ་དེ་ཚོ་ལུང་འདྲེན་བྱས། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་ནང་གི་གང་ནས་བརྒལ་ཡོད་མེད་དང་། དེ་བཞིན་རྒྱ་ནག་གཞུང་གི་རྩ་ཁྲིམས་གྱི་དོན་མཚན་གང་ནས་བརྒལ་ཡོད་མེད།  དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ཁྲིམས་གང་ནས་བརྒལ་འདུག དེ་དག་ལུང་འདྲེན་བྱས་ནས་གྲོས་ཆོད་ནང་འཁོད་པ་ཡིན་ན་དེ་ལ་རིན་ཐང་ཡོད་པ་རེད། དེར་ལྟར་བྱས་པ་ཡིན་ན་ང་ཚོས་སླེབས་ས་ཞིག་ལ་སླེབ་ཀྱི་རེད་ཕོག་ས་ཞིག་ལ་ཕོག་གི་རེད།

དེ་མ་ཡིན་པར་འདི་འདྲ་བའི་གྲོས་ཆོད་འཁྱེར་ཡོང་བ་ཡིན་ན་ཆ་རྐྱེན་གྱི་རྣམ་པའི་ཐོག་འགྲོ་བ་ཙམ་མ་གཏོགས་ནུས་པ་ཞེ་དྲག་ཡོད་མ་རེད། ད་ཐེངས་ཀྱི་གྲོས་ཆོད་འཁྱེར་ཡོང་སྟངས་ཀྱི་སྒོ་ནས་འདོད་པ་ཁེངས་པ་ཞིག་བྱུང་མ་སོང་། བཀའ་ཤག་དང་སྲིད་སྐྱོང་གིས་བོད་དོན་སྐོར་ལ་གསུང་སྟངས་དེ་ཚོར་དམིགས་བསལ་གྱི་ཚོར་བ་མེད། གང་ཡིན་ཟེར་ན་ནམ་རྒྱུན་གསུང་བསྡད་པ་དེ་རེད། གཞན་ཡང་གྲོས་ཚོགས་འཐུས་མི་ཚོས་བགྲོ་གླེང་བྱེད་སྐབས་ང་ཚོས་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་རེད་གསུངས་སོང་། དེ་ལ་ང་རང་གི་ངོས་ནས་རྒྱབ་སྐྱོར་ཞུ་ཡི་ཡོད་དེ་ཧ་ཅང་གིས་གལ་ཆེན་པོ་རེད། ལས་འགུལ་སྤེལ་རྒྱུར་ཆ་བཞག་ན་ཡང་རྒྱ་གར་ནང་མར་མེའི་ཁྲོམ་སྐོར་བྱེད་པ་དང་། སྐད་འབོད་བྱེད་པ་དེ་ཚོས་ས་གནས་ཡུལ་མིར་སུན་པོ་བཟོས་བསྡད་པ་དེ་ཆོ་ཡོད་པ་ཞིག་མཐོང་མ་སོང་། དངོས་ཡོད་ནུས་པ་དང་ལྡན་པ། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཤུགས་ཆེ་རུ་འགྲོ་ཐུབ་པ་བཅས་རིན་ཐང་ལྡན་པ་དང་གནད་ཚད་མཐོ་བའི་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག ལྷག་པར་དུ་མི་མང་གི་ལས་འགུལ་མ་རེད་གཞུང་གཅིག་གིས་སྣེ་ཁྲིད་དགོས་པ་ཞིག་བྱེད་དགོས་ན་ཚད་མཐོ་པོའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་མཐོང་སོང་།

altསྤྱི་འཐུས་བློ་བཟང་གྲགས་པ།
 ༡། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྐབས་དབུ་མའི་ལམ་དང་བོད་རྒྱའི་གནད་དོན་སྐོར་ལ་གླེང་སློང་གང་འདྲ་བྱུང་ཡོད་དམ། ལན། རྩ་བའི་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱའི་གནད་དོན་སྐོར་དེ་གལ་ཆེན་པོ་བརྩི་ཡི་ཡོད་པ་རེད། ད་རེས་ཀྱི་ཚོགས་དུས་གཉིས་པར་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་གི་གཙོས་པས་བཀའ་བློན་རྣམ་པས་ཐུགས་བསམ་ཆེར་གཞིས་སྒོ་ནས་གྲོས་མོལ་བྱས་ཡོད་རེད། ལྷག་པར་དུ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དེའི་ཐོག་གསལ་བཤད་ཡག་པོ་ཞིག་གནང་ཡོད་པ་རེད། གཙོ་བོ་བོད་རྒྱ་འབྲེལ་མོལ་བྱེད་མ་ཐུབ་པའི་རྒྱུ་མཚན་གང་དུ་ཐུག་ཡོད་པ་རེད་གླེང་མོལ་བྱེད་ཐུབ་པར་ཐབས་ཤེས་གང་ཡོད་པ་རེད་ཅེས་དེ་ཚོའི་སྐོར་ལ་རེད།

༢། སྲིད་སྐྱོང་གིས་དབུ་མའི་ལམ་དང་བོད་རྒྱའི་གནད་དོན་སྐོར་ལ་བརྗོད་སྐབས་ཁྱེད་རང་འདོད་བློ་ཁེངས་དང་མ་ཁེངས་གང་འདྲ་བྱུང་ཡོད་དམ། ལན། འདོད་བློ་ཁེངས་དང་མ་ཁེངས་ཟེར་ནས་ང་རང་ལ་དམིགས་བསལ་མི་འདུག གང་ཡིན་ཟེར་ན་བོད་རྒྱའི་གྲོས་མོལ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ན་གྲ་སྒྲིག་ཨང་གསར་ཡོད་པ་ཞིག་རེད། འགག་ས་གཙོ་བོ་གང་ལ་འགག་ཡོད་པ་རེད་ཟེར་ན་རྒྱ་གཞུང་གིས་དེ་ལ་ངོས་ལན་ཡག་པོ་ཞིག་མ་བྱས་པའི་དབང་གིས་འགག་ཡོད་པ་རེད། དེར་བརྟེན་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསལ་བཤད་གནང་བ་དེ་འགྲིག་འདུག་དྲན་གྱི་ཡོད།

༣། ད་ལྟའི་སྐབས་༡༦པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་གང་འདྲ་བྱུང་སོང་ངམ། ལན། དེ་རིང་༼ཟླ་འདིའི་ཕྱི་ཚེས༢༩ཉིན༽སྐབས་༡༦པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་ཡོངས་སུ་མཇུག་སྒྲིལ་གནང་བ་རེད། ངའིོ་བསམ་པར་ད་ཐེངས་ཡག་པོ་ཞེ་དྲག་བྱུང་སོང་དྲན་གྱི་ཡོད། ད་ཐེངས་གཙོ་བོ་དེ་ལྷན་ཁང་ཁག་གི་ལས་བསྡོམས་དང་། ཕྱག་སྦྲེལ་སྤྱི་འཐུས་རྣམ་པའི་དྲི་བ་དང་། བགྲོ་གླེང་། ལྷན་ཁང་ཁག་གི་བཀའ་བློན་རྣམ་པའི་ལན་འདེབས་བཅས་ཚགས་ཚུད་པོ་བྱུང་སོང་བསམ་དྲན་གྱི་ཡོད། གཞན་ཡང་ཕྱག་སྦྲེལ་སྤྱི་འཐུས་ཚོས་ཡག་པོ་བྱས་པ་ལ་བསྟོད་བསྔགས་དང་། མ་འགྲིག་པར་དགོངས་ཚུལ་གསུངས་པ་བཅས་ལེགས་པོ་བྱུང་སོང་།

༤། སྐབས་༡༦པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་གླེང་སློང་གཙོ་བོ་གང་གི་སྐོར་ལ་རེད།  ལན། གྲོས་ཚོགས་ག་དུས་ཚོགས་ན་ཡང་གཙོ་བོ་དེ་བོད་པའི་རྩ་དོན་ཐོག་གླེང་གི་ཡོད་པ་རེད། བོད་མི་རིགས་ཀྱི་རྩ་དོན་དེ་མ་བསྒྲུབ་བར་དུ་གཞིས་ཆགས་སྲ་བརྟན་ཡོང་བ་བྱེད་རྒྱུ་དེ་ཡིན་པར་བརྟེན། གཞིས་ཆགས་ཀྱི་གནས་སྟངས་སྐོར་དང་། ལྷན་ཁང་ཁག་གི་དུས་གསུམ་གྱི་བྱེད་སྒོ་རྣམ་གཞག་ལ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དགོངས་ཚུལ་གསུངས་སོང་བ་དང་། དེ་སྔོན་གྱི་སྤྱི་འཐུས་རྒྱུན་ལས་རྣམ་པའི་ལས་བསྡོམས་རྒྱས་པ་དེ་ལ་ཉམས་ཞིབ་གནང་སྟེ་དྲི་བ་དྲི་ལན་མང་པོ་བྱས་སོང་ལ་གཙོ་བོ་དེ་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ཡར་རྒྱས་གོང་འཕེལ་གང་བཏང་གནང་ཡོད་པ་དང་། མ་འོངས་པར་གཞིས་ཆགས་སྲ་བརྟན་ཡོང་བར་སྐད་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་ལ་སྲུང་སྐྱོབ་ག་རེ་བྱེད་དགོས་མེད་དེ་གཙོ་བོ་གླེང་སློང་བྱས་སོང་།
 
༥། སྐབས་༡༦པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་དེ་རིང་འཇུག་བསྡོམས་གནང་ཡོད་པར་བརྟེན་ལམ་ལྷོངས་གང་འདྲ་བྱུང་ཡོད་དམ། ལན།   ད་ཐེངས་གྲོས་ཚོགས་ཉིན་མཐའ་མ་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་བྱས་པ་དང་། མ་འོངས་པའི་བྱེད་ཕྱོགས་ཐད་ལ་ལམ་སྟོན་གནང་། ཚོགས་གཙོ་མཆོག་གིས་ཡིན་ཡང་ད་ཐེངས་ཀྱི་གྲོས་ཚོགས་དེ་ལེགས་པོ་བྱུང་སོང་ཞེས་བསྟོད་བསྔགས་གནང་ཡོད་པ་རེད།  གཞན་ཡང་མ་འོངས་པར་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་ལ་སོགས་པ་དང་། ལྷག་པར་དུ་བོད་ཀྱི་ཐད་ལ་ལས་འགུལ་གང་མང་སྤེལ་དགོས་པ། ༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་དགོིས་པ། བོད་པ་ནང་ཁུལ་མཐུན་ལམ་བྱེད་རྒྱུར་འབད་བརྩོན་བྱེད་དགོས་པ་གསུངས་སོང་ལ་ཚང་མས་གྲོས་ཚོགས་དེ་བཀྲ་ཤིས་ལོ་ལེགས་དང་། གཞི་འཇམ་བཅས་རྒྱལ་ཁའི་ངང་མཇུག་བསྡུ་ཐུབ་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།