རྒྱལ་སྤྱིའི་ཁྱི་སྨྱོན་གྱི་ཉིན་མོར་སྲུང་བརྩི།

 པར་འདེབས།

༢༠༡༦།༠༩།༢༨ཉིན་སྤེལ། བོད་ཀྱི་བདེ་རྩ་ཚོགས་པས་རྒྱལ་སྤྱིའི་ཁྱི་སྨྱོན་གྱི་ཉིན་མོར་སྲུང་བརྩི་ཞུས་གནང་སོང་།

དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་༡༠།༠༠པའི་ཐོག་བོད་ཀྱི་བདེ་རྩ་ཚོགས་པའི་ལས་ཁུངས་ཀྱི་བར་ཁྱམས་ནང་བོད་ཀྱི་བདེ་རྩ་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཁྱི་སྨྱོན་གྱི་ཉིན་མོར་སྲུང་བརྩི་ཐེངས་བདུན་པ་དེ་ཞུས་གནང་སོང་། 

ཐེངས་འདིའི་སྲུང་བརྩིའི་མཛད་སྒོའི་སྐབས་ཕེབས་གནང་མཁན་གྱི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཡིན་ཡང་ལས་གལ་ཆེ་བའི་རྐྱེན་གྱིས་འཕྲོད་བསྟེན་དྲུང་ཆེ་བདག་ཉིད་ཚེ་རྒྱལ་ལགས་ཕེབས་གནང་ཡོད་པ་དང་། དེ་བཞིན་སྤྱི་ཟུར་ངག་དབང་ལྷ་མོ་ལགས། དྷ་རམ་ས་ལའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་གཡང་འཛོམ་ལགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས། ཆེད་འབོད་སྐུ་མགྲོན་ས་གནས་ཡུལ་མིའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་DR Ajayདང་ཁོང་གི་ཕྱག་རོགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། དེ་བཞིན་བོད་ཀྱི་བདེ་རྩ་ཚོགས་པའི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱད་བཅུ་ལྷག་མཉམ་ཞུགས་གནང་འདུགalt

གསར་འགོད་པས་བོད་ཀྱི་བདེ་རྩ་ཚོགས་པའི་ཚོགས་གཙོ་ཚེ་རིང་དོན་གྲུབ་ལགས་སུ་དེ་རིང་གི་སྲུང་བརྩིའི་ཉིན་མོ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་གསུང་དོན། རྒྱལ་སྤྱིའི་ཁྱི་སྨྱོན་གྱི་ཉིན་མོར་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ། དེ་རིང་རྒྱལ་སྤྱིའི་ཁྱི་སྨྱོན་གྱི་ཉིན་མོར་སྲུང་བརྩི་ཞུ་ཡི་ཡོད་པ་རེད། རྒྱལ་སྤྱིའི་ཁྱི་སྨྱོན་གྱི་ཉིན་མོར་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ཁྱི་རྣམས་ལ་སྔོན་འགོག་གི་ཁབ་བརྒྱབ་རྒྱུ་དང་། སྐྱེ་སྒོ་འགོག་རྒྱུ། ཁྱི་སྨྱོན་གྱི་ན་ཚ་མེད་པ་བཟོ་རྒྱུ།  མི་མང་ཚོར་གོ་རྟོགས་སྤེལ་ཆེད་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།

ཁྱི་སྨྱོན་གྱི་ན་ཚ་སྔོན་འགོག་དང་། གྲངས་འབོར་སྐོར། བོད་ཀྱི་བདེ་རྩའི་ལས་གཞིའི་ནང་ཕྱི་ལོ་༢༠༠༦ནས་བཟུང་དུད་འགྲོའི་གཅེས་སྐྱོང་མཚན་པ་ཞེས་ཟུར་དུ་བཙུགས་ཡོད་པ་རེད། དེ་ཡང་དམིགས་ཡུལ་གཙོ་བོ་དེ་དྷ་སའི་གཡས་གཡོན་དུ་ཁྱིའི་གྲངས་འབོར་སྔོན་འགོག་བྱེད་རྒྱུའི་ཆེད་ལས་གཞི་དེ་འགོ་འཛུགས་བྱས་པ་རེད།  འོན་ཀྱང་ང་ཚོས་ལས་གཞི་དེ་འགོ་འཛུགས་བྱས་པ་དང་མཉམ་དུ་དྷ་རམ་ས་ལར་ཁྱི་སྨྱོན་པས་སོ་བརྒྱབ་སྟེ་མི་འདས་གྲོང་ཕྱིན་པའི་གནས་ཚུལ་ཡོད་རེད་ལ་རྒྱ་གར་ནང་ལ་ཡང་དེ་འདྲ་བྱུང་གི་ཡོད་པ་རེད།

དེར་བརྟེན་ང་ཚོས་མཚན་པ་ཞིག་བཙུགས་ཚར་བར་བརྟེན་ཁྱིའི་སྐྱེ་སྒོ་བཀག་པ་ཙམ་མ་ཡིན་པར་ཁྱི་སྨྱོན་པའི་ན་ཚ་དེ་མེད་པ་བཟོ་རྒྱུ་དེར་ཤུགས་རྒྱབ་ཐུབ་པ་ཡིན་ན་ཡག་པོ་འདུག་ཅེས་ང་ཚོས་རྒྱལ་སྤྱིའི་ཁྱི་སྨྱོན་ཉིན་མོར་སྲུང་བརྩི་ཞུ་ཡི་ཡོད། དེ་དང་མཉམ་དུ་ཉིན་བཅུའི་རིང་ཚོགས་པ་དང་སློབ་གྲྭ་བཅས་ནང་ང་ཚོའི་ལས་བྱེད་ཚོས་གང་ཁྱབ་ཐུབ་པ་ཞིག་ཕྱིན་ནས་ཁྱི་སྨྱོན་པ་མ་ཆགས་པའི་ཁབ་བརྒྱབ་པའི་ལས་གཞི་ཡང་འགོ་འཛུགས་བྱས་པ་རེད།

ད་ལྟ་བར་ལོ་བདུན་ལྷག་རིང་ཕྱིན་ཟླ་༩པའི་ཚེས་༢༨ནས་འགོ་འཛུགས་གནང་སྟེ་ཉིན་བཅུ་རེའི་ནང་ཁྱི་སྨྱོན་གྱི་ན་ཚ་མི་ཡོང་བའི་ཆེད་ཁྱི་༡༠༠༠ལྷག་ལ་ཁབ་བརྒྱབས་པ་རེད། ན་ནིང་ཁྱི་༨༠༠ཙམ་ལ་ཁབ་བརྒྱབ་པ་རེད། ད་ལོ་ཡིན་ཡང་ང་ཚོས་ཁྱི་༨༠༠ནས་༩༠༠བར་ཁབ་བརྒྱབ་ཐུབ་པ་བྱེད་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད། དེ་བཞིན་ད་ལྟ་བར་ཁྱི་སྐྱེ་སྒོ་འགོག་པའི་ཆེད་བཤགས་བཅོས་བཏང་པའི་རིགས་ཁྱོན་བསྡོམས་ཁྱི་༤༦༠༠ཆགས་ཡོད། ཁྱི་སྨྱོན་པ་མ་ཆགས་པའི་རིགས་ཁྲི་གཅིག་ལྷག་ལ་ཁབ་བརྒྱབ་ཡོད།

ཁྱི་ལ་བདག་སྐྱོང་བྱས་རྗེས་བྱམས་བརྩེའི་གཟེངས་རྟགས་ཀྱི་སྐོར།  ང་ཚོའི་སྤྱི་ཚོགས་ནང་ཁྱིའི་དཀའ་ངལ་དེ་དཀའ་ངལ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཐུབ་མཁན་མི་འདུག ཁྱི་སྨྱོན་པ་ཆགས་པ་དང་མི་ལ་སོ་རྒྱག་རྒྱུ་འགོ་བཙུགས་རྗེས་གཞི་ནས་ཁྱི་མང་པོ་ཡོད་ན་དཀའ་ངལ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དུས་རྒྱུན་ཡིན་ན་མི་མང་ཚོས་ཁྱི་མཐོང་སྐབས་ཤིང་སྡོང་དང་། རྡོ་མཐོང་བའི་སྣང་བ་ལས་དཀའ་ངལ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མི་འདུག དེ་རྗེས་ང་ཚོས་ངོ་དེབ་ནང་བྱ་དགའི་ངོ་བོ་དེ་འགོ་འཛུགས་བྱས་པ་ཡིན། དམིགས་ཡུལ་གཙོ་བོ་དེ་བོད་པའི་སྤྱི་ཚོགས་ནང་ཁྱི་ལ་བྱམས་སྐྱོང་གང་མང་ཞིག་བྱེད་ཐུབ་ན་ཡག་པོ་ཡོད་པ་དང་། དེ་ལ་སྦྱིན་བདག་གནང་ན་ཡང་ཡག་པོ་ཡོད་པ་བཅས་ཐོག་མར་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་བྱ་དགའ་སྤྲོད་རྒྱུ་ཞིག་འགོ་འཛུགས་བྱས་པ་རེད། བྱ་དགའ་སྤྲོད་རྒྱུའི་ལས་གཞི་དེ་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་དེ། དུས་རྒྱུན་སྤྱི་ཚོགས་ནང་དུད་འགྲོའི་རིགས་ལ་བྱམས་སྐྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དོ་སྣང་སླེབས་ཐུབ་པ། ཚང་མར་སེམས་ཤུགས་སྐྱེ་ཐུབ་པ་བྱེད་རྒྱུའི་བསམ་བློ་ཞིག་ཁྱེར་ནས་འགོ་འཛུགས་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་པུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།