ཕྱོགས་ཁག་ཅིག་གིས་ཕྱོགས་ཁག་ཅིག་རྩ་མེད་བཟོས་འགྲོ་གི་ཡོད་པ་རེད།

 པར་འདེབས།

༢༠༡༦།༠༩།༢༧ཉིན་སྤེལ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་ཏེ་ལོ་འཁོར་ཧྲིལ་བོ་༢༥འཁོར་བ་དང་། ཚོགས་ཆེན་ཐེངས་བདུན་པའི་མཛད་སྒོ་ནི་བཞུགས་སྒར་ངྷ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་སྐོང་ཚོགས་བྱས་སོང་།

གོང་ཚེས་ཉིན་གྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་དང་དམིགས་གསལ་སྐུ་མགྲོན་ལྕམ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གཉིས་ཀྱིས་དབུས་དགུ་བཅུ་གསུམ་གྱི་ཚོགས་གཙོ་ཚོགས་གཞོན། ངྷ་ས་ས་གནས་བདེ་དོན་འགན་འཛིན། རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐུ་ཚབ་གཉིས། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ། དགུ་བཅུ་གསུམ་གྱི་ཆབ་སྲིད་བཙོན་ཟུར་རྒན་གྲས་དང་ལས་ཀྱི་སྣེ་མོ་བ་ཡོངས། ཟུར་ཉན་པ་དང་གསར་འགོད་པ་བཅས་མི་གྲངས་༧༠ལྷག་ཚོགས་འདུར་ཞུགས་སོང་།

དེ་ཡང་ཚོགས་ཆེན་འདི་ནི་༢༧ནས་༢༩བར་སྟེ་ཉིན་གསུམ་རིང་སྐོང་རྒྱུ་དང་། ཉིན་དང་པོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཞེས་པའི་དེབ་གསར་དབུ་འབྱེད་དང་། ལྕམ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་རི་མོར་བཀོད་པ་ཞིག་དང་། ཞེས་པའི་༢༠༡༥ལོའི་ལོ་འཁོར་སྙན་ཐོ་གཉིས་དབུ་འབྱེད་བྱས་སོང་།

སྐོང་ཚོགས་འདིའི་ཐོག་ཚོགས་གཙོ་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་ཐོག་མའི་གཏམ་བཤད་གནང་དོན། ཚོགས་གཙོས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདི་ནི་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་གིས་བཙུགས་ཤིང་། སྐབས་དེར་འཇོན་ཐང་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱུས་མངའ་ཆེ་བའི་གསར་འབྱོར་ཁ་ཤས་ཤིག་གིས་བོད་ནང་དུ་དཀའ་ལས་གང་རྒྱབ་སྟེ་ལོ་༢༥སྔོན་ལ་བཙུགས་བཞག་པ་ཞིག་རེད།

ང་རང་ཚོགས་གཙོ་ལོ་གསུམ་རིང་བྱས་པ་དང་ད་ལྟའི་སྐབས་འདིའི་མཇུག་སྐྱོང་ཚོགས་གཙོ་བྱས་པའི་རིང་ལ་བསམ་བློ་ཞིག་བཏང་ན། ཚོགས་པའི་ཁྲིམས་ཐོག་གི་དེབ་བསྐྱེད་གནས་སྟངས་གཏན་པོ་བྱུང་ཡོད་པས་ན། ང་ཚོས་ལས་ཀ་བྱེད་ཐུབ་པ་ཡིན་ན་བྱེད་སའི་ས་ཆ་ནི་ཡོད་པ་རེད།

སྤྱིར་དགུ་བཅུ་གསུམ་ཚོགས་པའི་ཆབ་སྲིད་བཙོན་པའི་ནང་ཁུལ་ནས་ཀྱང་ལྟ་བ་ལངས་ཕྱོགས་ཀྱི་སྐོར་ལ་གདོང་ལེན་ཁ་ཤས་ཤིག་བྱེད་དགོས་བྱུང་ཡོད་ལ། འདི་མ་ཡིན་པའི་ཆབ་སྲིད་ཚོགས་པ་ཞིག་ཟུར་དུ་འཛུགས་དགོས་པའི་བསམ་ཚུལ་བྱུང་མྱོང་། རྩ་བའི་ཆ་ནས་བོད་ཀྱི་བདེན་དོན་དང་དགུ་བཅུ་གསུམ་ཚོགས་པའི་ལས་སྒོའི་ཆེད་དུ་ང་ཚོས་རྡོག་རྩ་གཅིག་བསྒྲིལ་བྱེད་ཀྱི་ཡོད།

དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་ཡག་ཐག་གཅོད་ཡིན་ལ། ཆབ་སྲིད་བཙོན་པ་རྒན་གྲས་༢༠ལྷག་ལ་འཚོ་སྣོན་དང་། ང་ཚོའི་ཚོགས་མི་དང་བཙོན་པར་དཀའ་ངལ་ཅི་བྱུང་ལ་ང་ཚོས་གདོང་ལེན་བྱས་ནས་སླེབས་པའི་བརྒྱུད་རིམ་ཁྲོད་ནས། ལོ་འདི་གའི་རིང་གི་དཔལ་འབྱོར་གྱི་གནས་སྟངས་ནི་ཡར་རྒྱས་ཆེན་པོ་སོང་མེད་ཀྱང་། ད་སྔ་ཚོགས་པའི་རྩིས་ཁུངས་སུ་ཧིན་སྒོར་འབུམ་༩༠མ་ཟིན་ཙམ་ཞིག་དང་། སྐབས་སྔོན་མར་ང་ཚོར་ཧིན་སྒོར་འབུམ་༩༢ལྷག་ཡོད་པ་དང་། དེའི་སྔོན་གྱི་རྒྱུན་ལས་སྐབས་སུ་༨༠ནས་༩༠ལྷག་བར་རེད། ཚེམ་ཁང་གཙོས་ཚོང་ལས་སྡེ་ཚན་གྱི་སྒང་ནས་ཧིན་སྒོར་འབུམ་༡༢ནས་༡༣ལྷག་བཅས་རེད།

ཚོགས་མིར་ཁང་པ་རྒྱག་པའི་འཆར་གཞི་འཐེན་ཡོད་ཀྱང་། ཚོགས་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྤོར་བྱས་པའི་རྒྱུན་མཚན་གྱིས་འཛུགས་བསྐྲུན་བྱས་ན་དགོས་པ་རྒྱུ་མཚན་མ་མཐོང་བ་དང་། ང་ཚོ་ཡར་སླེབས་པ་ནས་བོད་པའི་སྤྱི་ཚོགས་ནང་དུ་ཞལ་འདེབས་བསྡུས་པའི་ལས་ཀ་མཚམས་འཇོག་བྱས་ཡོད། རྒྱུ་མཚན་ནི་དཔལ་འབྱོར་གྱི་དཀའ་ངལ་རང་མ་ཡིན་པའི་གནད་དོན་ཞིག་ལ་བལྟས་པ་ཡིན།

དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་དགོས་པའི་དགོས་པ་རྒྱུ་མཚན་སྣ་ཚོགས་ཤིག་ཡོད་པ་ལས། གལ་ཆེ་ཤོས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་རྒྱལ་སྤྱིའི་སྒང་ལ་ཞུ་གཏུགས་བྱེད་པ་དང་། རྒྱ་གར་ལ་བྲོས་ཡོང་བའི་ཆབ་སྲིད་བཙོན་ཟུར་དེ་ཚོར་ཞབས་ཞུ་བྱེད་པ་དེ་རེད།

ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཞབས་ཞུ་བྱེད་པའི་ལས་ཚན་ཞིག་དང་། བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆབ་སྲིད་དང་དཔལ་ཡོན། རིག་གཞུང་ཡར་རྒྱས་གཏོང་ཆེད་ང་ཚོའི་ཚོགས་པའི་ངོས་ནས་ཆ་ཤས་ལེན་གྱི་ཡོད།

བཙན་བྱོལ་སྤྱི་ཚོགས་ནང་གི་དཀའ་ངལ་གྱི་ཆ་ཤས་ཤིག་ཀྱང་དགུ་བཅུ་གསུམ་ཚོགས་པ་ཆགས་ཀྱི་འདུག དཔེར་ན། བཙན་བྱོལ་ནང་གི་གླེང་གཞི་ཆེ་ཤོས་ལམ་དབུ་མ་དང་རང་བཙན་གྱི་ལྟ་བའི་ལངས་ཕྱོགས་ནི་མི་དོ་བདག་སོ་སོ་ལ་ཡོད་པ་ལས། ང་ཚོའི་ཚོགས་པ་ནང་དུ་རྙོག་ཟིང་ཅུང་ཙམ་རེ་བྱུང་གི་ཡོད་པ་རེད། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་རྩ་ལམ་གང་ཞིག་ནས་འཁྲུགས་པ་ཡིན་ན། དེ་བཞིན་ཚོགས་པ་འདི་ཡང་དཀའ་ངལ་བྱུང་གི་ཡོད་པ་དེར་གདོང་ལེན་བྱས་ནས་ཡོང་བ་རེད།

ངའི་ལྟ་བའི་ལངས་ཕྱོགས་ཤིག་གི་ཐོག་ནས་ཚོགས་པར་མིང་ངན་ཞིག་སླེབས་རེད། དེར་ངས་ཚོགས་མི་རྣམ་པར་དགོངས་དག་དང་བཅས་ཞུས་པ་ཡིན། ང་ཚོ་ཚོགས་པ་འདི་ནི་མང་མོས་བྱས་ཏེ་ལམ་དབུ་མའི་ཕྱོགས་སུ་འགྱུར་སྟེ་ང་ཚོས་ལས་ཀ་གཅིག་བྱས་པ་ནི། ༢༠༡༤ལོར་རང་བཙན་དང་དབུ་མའི་ལམ་གྱི་བརྗོད་གཞིའི་ཐོག་ངྷ་སའི་ཚོགས་པ་ཁག་མཉམ་དུ་ལས་འགུལ་སྤེལ་གྱི་མིན་པ་དང་སུམ་བཅུའི་དུ་དྲན་སྒང་ལ་མཉམ་ཞུགས་བྱེད་ཀྱི་མིན་བྱས་པ་དེ་རེད། དེ་མ་ཟད། ང་ཚོ་དབུ་མའི་ལམ་དུ་འགྱུར་བ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་རྐང་གཅིག་ཀྱང་གློད་མ་སོང་། ༧གོང་ས་མཆོག་ལ་རྒྱ་ནག་གཞུང་གིས་མཚན་སྨྲོས་བྱས་པ་མཚམས་བཞག་མ་སོང་། ཚོགས་པའི་ངོས་ནས་སྔོན་གྱི་ལས་ཤོག་དང་ལས་སྡོམ་ཐོག་རང་བཙན་བྲིས་ཡོད་པ་རེད་ལ། ༡༩༨༧ནས་བོད་ནང་དུ་ལས་འགུལ་སྤེལ་བ་སོགས་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་ཡོད་པ་རྐྱང་རྐྱང་གིས་ཚོགས་པ་འདི་བཙུགས་པ་རེད། ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ཀྱི་སྲིད་བྱུས་ཀྱི་འགྱུར་བ་ཞིག་གི་དབང་གིས་ང་ཚོ་འདིར་ཕྱིན་པ་རེད་མོད། བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་ཕན་ཞིག་ཐོག་ཡོད་མེད་མི་ཤེས། རྒྱ་ནག་གི་ངོས་ནས་དགུ་བཅུ་གསུམ་དང་འབྲེལ་བའི་མི་རྡོག་པོ་གཅིག་ཀྱང་གློད་མ་སོང་།

བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཁ་སང་དེ་རིང་རྒྱ་ནག་གཞུང་གི་རྣམ་པ་འདི་ནི་ཧ་ཅང་གིས་སྟོབས་ཤུགས་ཆེ་བའི་རྣམ་པ་ཞིག་དང་། དཔལ་འབྱོར་གྱི་ཐོག་ནས་ཧ་ཅང་གིས་ཕོན་ཆེན་པོ་ཞིག་ཡིན་ཀྱང་། ཁོང་ཚོར་ཁ་གཏད་གཅོག་མ་ཐུབ་པ་དང་གཏན་པོར་བསྡད་ཐུབ་པ་ཞིག་མཐོང་གི་མེད། དེ་བས་བོད་ནང་གི་ཆབ་སྲིད་བཙོན་པ་དང་བོད་ཕྱི་ལོག་གི་བོད་མི་རྣམས་ཀྱིས་རྡོག་རྩ་གཅིག་བསྒྲིལ་བྱས་ཏེ་བོད་རང་བཙན་གྱི་ཉི་མ་ཞིག་སླར་གསོ་བྱེད་ཆེད། ང་ཚོ་སེམས་ཤུགས་མ་ཆགས་ནས་བསྡད་ན་ང་ཚོའི་ཁ་གཏད་རྒྱ་ནག་གཞུང་ཉེན་ཁ་ཆེན་པོར་ཐུག་ཡོད་པའི་གནས་ཚུལ་གསལ་བོ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆ་བཞག་ན། ཞི་ཅིང་ཕིང་གི་ལས་འགུལ་ལྐོག་ཟ་རུལ་སོང་ནི། ལྐོག་ཟ་རུལ་སོང་གི་གནད་དོན་ཞིག་མ་རེད། རྒྱ་ནག་ནང་ལོག་གི་ཆབ་སྲིད་ཀྱི་འཐབ་རྩོད་ཐོག ཕྱོགས་ཁག་ཅིག་གིས་ཕྱོགས་ཁག་ཅིག་རྩ་མེད་བཟོས་འགྲོ་གི་ཡོད་པ་འདི་ལ་མཇུག་འབྲས་ཚབ་ཆེན་ཞིག་ངེས་ཅན་འབྱུང་གི་རེད། དེ་བཞིན་རྒྱ་ནག་གི་དམག་དཔོན་མཐོ་ཤོས་རང་ཤི་རྒྱགས་པ་དང་ཚེ་བཙོན་བྱེད་པའི་གནས་སྟངས་འདི་ལ་ཐུག་འདུག དེ་རིང་རྒྱ་ནག་གཞུང་གིས་དམག་རྒྱག་དགོས་སོང་ན་དམག་སར་ཐོན་པའི་གནས་སྟངས་ཁོ་རང་ཆགས་མེད་པ་དང་། རྒྱ་ནག་གཞུང་གི་དམག་དཔོན་མཐོ་ཤོས་དག་ཕྱི་རྒྱལ་ལ་བྲོས་བྱོལ་བྱས་ཆོག་ཆོག་བྱས་ཡོད་དུས། ང་ཚོས་རིག་པ་དྭངས་གསལ་དང་སེམས་ཤུགས་མ་ཆགས་པར་བསྡད་པ་ཡིན་ན། དེ་རིང་འདིར་སླེབས་པའི་ཆབ་སྲིད་བཙོན་ཟུར་མི་རབས་རྒན་གྲས་ཀྱི་རིང་ལ་ང་ཚོར་བདེ་སྐྱིད་ཀྱི་ཉི་མ་བྱུང་སྲིད་པ་ཞིག་རེད།

ང་ཚོས་བྱེད་དགོས་པ་ནི། ཚོགས་པ་འདིར་ཆ་བཞག་ན། ངས་ག་རེ་བྱེད་ཐུབ་ཀྱི་ཡོད་མེད་ལ་ལྟ་ཡི་མེད། ག་རེ་བྱེད་མི་རུང་བ་དང་མ་མཆོག་པ། གནད་དོན་གང་ཞིག་ང་ཚོའི་ཚོགས་པར་མི་དགོས་པ་དེ་ཚོའི་རིགས་ལ་ཧ་ཅང་གིས་གཟབ་གཟབ་བྱེད་ཀྱི་ཡོད།

ང་ཚོ་དགུ་བཅུ་གསུམ་གྱི་བཙོན་པའི་སྟེང་གི་གལ་ཆེ་ཤོས་ནི། བཙོན་པ་སོ་སོའི་དངོས་མྱོང་གི་ལོ་རྒྱུས་དེ་ལོ་འདི་འདྲ་ཞིག་ལ་བཙོན་ཁང་ནས་བསྡད་པ་རེད་ཅེས་བསྡུས་གྲྭ་ལྟ་བུ་ཞིག་སྐྱོར་བ་མ་རེད། ཁོ་རང་ཚོ་བཙོན་ཁང་དུ་ཇི་ལྟར་བསྡད་པ་རེད། ག་རེ་བྱས་ནས་བཙོན་ཁང་དུ་མ་གྲོངས་པ་རེད། སེམས་ཤུགས་མ་ཆགས་པ་ནི་ང་ཚོས་ཤེས་དགོས་པ་ཞིག་རེད། ང་ཚོ་གུང་ཁྲན་ཏིང་གི་སྡིག་རྩིབ་ཀྱི་འོག་ནས་མ་ཐར་བ་རེད། དེ་བས་ང་ཚོས་བོད་ཀྱི་ཆབ་སྲིད་བཙོན་པའི་འདས་མ་ད་གསུམ་གྱི་སྐོར་ལ་ཉམས་ཞིབ་བྱེད་དགོས་པ་གལ་ཆེན་རེད་ལ། འདི་ནི་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་བྱེད་གཙོ་བ་རེད་ཅེས་བརྗོད་སོང་།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ནས། ང་ཚོས་སོ་སོའི་མི་ཚེ་རྫོགས་རག་པར་དུ་བོད་ཀྱི་རྩ་དོན་ཐོག་འབད་དགོས་པ་དང་། དབུ་མའི་ལམ་གྱིས་ད་ལྟའི་བར་གྲུབ་འབྲས་གང་དང་གྲུབ་འབྲས་གང་ཐོན་པ་བཅས་སུ་བལྟས་ན། བོད་རྒྱ་ཞི་མོལ་དགོས་པ་གལ་ཆེན་རེད། དེ་ཡང་ཁ་ནས་བཤད་པ་ཙམ་ལས་ལག་ལེན་མ་བསྟར་བ་ཡིན་ན། དེ་ལ་གྲུབ་འབྲས་འཐོན་པ་ཁག་པོ་རེད།

གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཚང་མ་མཉམ་འབྲེལ་དང་མཐུན་སྒྲིལ་སྒོས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་དགོས་པ་རེད། མི་སྒེར་དང་ཚོགས་སྡེ་གང་ཡིན་ཡང་། སོ་སོའི་སེམས་ནང་དམ་ཚིག་བརྟན་པོ་ཡོད་པ་ཡིན་ན། ལས་དོན་ག་རེ་བསྒྲུབ་ཀྱང་དེ་ལ་དོན་འབྲས་འཐོན་སྐོར་སོགས་གསུངས་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུང་དོན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ནང་གི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས། ང་ཚོའི་སྤྱི་ཚོགས་ནང་མ་འགྲིག་པ་ག་འདྲ་ཞིག་ཡོང་གི་ཡོད་ནའང་། དེ་ལ་འགན་ལེན་ཡོད་བསམ་པའི་ཐོག་ནས་འགལ་སྐྱོན་ཡོ་བསྲང་བྱེད་དགོས། རྒྱལ་སྤྱིའི་བཙོན་ཟུར་སྒྲིག་འཛུགས་ནང་ང་ཚོར་གོ་སྐབས་ག་རེ་ཡོད་པ་དེ་གཞི་ལ་བཞག་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ནང་གྲོས་ཆོད་བཞག་པ་ཡིན་ན། རྒྱ་ནག་དང་བོད་རིགས་མི་མང་གང་ཡིན་ཡང་། དེ་ལ་མིག་ཆེན་པོས་ལྟ་དགོས་པ་ཞིག་དང་ཨམ་ཆོག་ཀྲོང་ཀྲོང་གིས་ཉན་དགོས་པ་ཞིག འཛམ་བུ་གླིང་གི་ཆབ་སྲིད་བཙན་ཟུར་ཚོ་ཡིན་ནའང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཆབ་སྲིད་བཙོན་ཟུར་གྱི་གྲོས་ཆོད་དེ་མིག་དཔེར་ལྟ་ས་ཞིག་བཟོ་དགོས་ཀྱི་ཡོད་པ་དང་། སྤྱིར་བཏང་སྒྲིག་འཛུགས་ཤིག་ཚུགས་རྒྱུ་དེ་ལས་སླ་པོ་ཡིན་ནའང་། དེའི་འཛིན་སྐྱོང་རྒྱུན་གནས་སྲ་བརྟན་ཡོང་རྒྱུ་ཁག་པོ་ཞེ་དྲགས་ཡོད་སྟབས། སྒྲིག་འཛུགས་ཀྱི་དམིགས་ཡུལ་གཞིར་བཟུང་གིས་གནས་དགོས་པ་དང་། དྲང་ཚུགས་དང་རང་ཚུགས་བརྟན་པོ་མེད་ན། སྤྱི་ཚོགས་ནང་གཞན་མགོ་ཐོན་རྒྱུ་ཕར་ཞོག་རང་མགོ་ཡང་འཐོན་རྒྱུ་ཁག་པོ་ཡིན་པ་དང་། དེ་བཞིན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས། རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ག་འདྲ་སྙོབ་ཐབས་བྱེད་རྒྱུ་དང་ཁོང་ཚོའི་ནང་མི་ཚོར་ལྟ་རྟོག་ག་འདྲ་བྱེད་རྒྱུ། བཙན་བྱོལ་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་ཚོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་རྒྱལ་སྤྱིའི་ཐོག་ག་འདྲ་ཞིག་ཁྱབ་བསྒྲགས་བྱེད་དགོས་མིན་བཅས་ཀྱི་ཐོག་ལ་ལས་ཀ་བྱེད་ཐུབ་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་དངོས་མཚོན་པའི་འགྲེམས་སྟོན་ཁང་དང་དྲ་ཐོག་ནས་ཁྱབ་བསྒྲགས་རྒྱ་སྐྱེད་གཏོང་ཐབས་སོགས་ཀྱི་ཐོག་ལའང་འབད་བརྩོན་གནང་དགོས་པ་མ་གཏོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་གྲོས་ཆོད་རྫིག་པོ་དང་རྣམ་གྲངས་མང་པོ་བཞག་པ་ཙམ་མིན་པར། དེ་ལག་ལེན་དོན་འཁྱོལ་གནང་རྒྱུ་གལ་ཆེན་པ་བཅས།།


གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།