རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ།

 པར་འདེབས།

༢༠༡༦།༠༩།༡༩ཉིན་སྤེལ། འདི་ག་གསར་ཁང་དུ་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱལ་བ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་ཁྲིམས་ཐོག་ནས་གནང་ངེས་སྙམ་པའི་ཡིད་ཆེས་བློ་གཏད་ཀྱི་སྒོ་ནས་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཀྱི་ཐོག་ནས་བཞག་ཡོད་འདུག

altདེ་ཡང་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱིས་བཀོད་བསྒྲིག་འོག  རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་བཞུགས་སྒར་ནོར་གླིང་དུས་འཁོར་གྲྭ་ཚང་དུ་ཕྱི་ལོ་ ༢༠༡༦ ཟླ་༩ ཚེས་ ༡༧-༡༨ བར་བསྐོང་འཚོགས་གནང་།
ལྷན་འཚོགས་འདིར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་།  ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱི་འགན་འཛིན་དང་སློབ་སྟོན་པ་རྣམ་པ།  དེ་བཞིན་ཨ་རིས་གཙོས་རྒྱལ་ཁབ་དང་ས་གནས་ཁག་ ༡༤ ནས་ཇོ་ནང་སྐུ་ཚབ་ཞལ་གྲངས་ ༣༠ ལྷག་ཕེབས་ཞུགས་གནང་ཡོད་པ་དང་།
དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཕྱི་ལོ་ ༡༩༩༧ ནས་བཟུང་རང་གཞུང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་ཆོས་བརྒྱུད་སྤྱི་མཚུངས་ལྟར་ཐོབ་ཐང་འདྲ་མཉམ་ཐོབ་འོས་ཐོབ་རྒྱུར་རེ་སྐུལ་ཐེངས་མང་ཞུས་པ་མ་ཟད།  ཁྲིམས་མཐུན་ཞུ་འབོད་ལས་འགུལ་སྔ་ཕྱི་བྱས་ཀྱང་དོན་མཐུན་བདག་སྤྲོད་མ་བྱུང་བའི་རྐྱེན་གྱིས།  ད་ལན་རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་བསྐོང་འཚོགས་གནང་དགོས་བྱུང་བ་རེད་འདུག

གཞན་ཡང་ལྷན་འཚོགས་འདིའི་རེ་བ་གཙོ་བོ་ནི།  སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་འཚོགས་སུ་གཞོན་སྐྱེས་ཤེས་ལྡན་པ་གང་མང་ཞིག་ཕེབས་ཡོད་སྟབས།  ཚོགས་ཞུགས་ཇོ་ནང་སྐུ་ཚབ་རྣམ་པས་སླར་ཡང་དྲང་བདེན་དང་གནས་ལུགས་དཔང་དུ་བཙུགས་ནས་གྲོས་ཚོགས་སུ་སྙན་ཞུ་ཁ་གསལ་ཞིག་ཕུལ་བ་ཡིན་ན།  རྒྱལ་བ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་ཁྲིམས་ཐོག་ནས་གནང་ངེས་སྙམ་པའི་ཡིད་ཆེས་བློ་གཏད་ཀྱི་སྒོ་ནས་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཀྱི་ཐོག་ནས་བཞག་སྟེ།  ཇོ་ནང་སྐུ་ཚབ་ལྷན་འཚོགས་ཐེངས་དང་པོ་རེ་བ་ཡིད་ཆེས་ཀྱི་ངང་ནས་མཇུག་བསྡུས།

གྲོས་ཆོད་ཁག་གཤམ་གསལ་ལྟར།
གྲོས་ཆོད།  དང་པོ།   
ཀ༽ རྒྱལ་སྤྱིའི་ཁྲིམས་ལུགས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་སྐྱོང་ཡོངས་བའི་སྙན་ཞུ་སླར་ཡང་འབུལ་རྒྱུ།  སྤྱི་མོས།
ཁ༽ སྐུ་ཚབ་ཆ་བགོས་བྱས་ཏེ་གྲོས་ཚོགས་འཐུས་མི་རེ་རེའི་ལས་ཤག་ཏུ་ཆེད་བཅར་གྱིས་ཇོ་ནང་པའི་རེ་འདོད་སྙན་གསན་དང་འབྲེལ་ཡིག་ཐོག་སྙན་ཞུ་དངོས་འབུལ་ཞུ་རྒྱུ།  སྤྱི་མོས།

གྲོས་ཆོད། གཉིས་པ།  

ཀ༽ གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མ་གནང་ཚེ།  ད་ལོའི་དུས་དབང་སྐབས་ཀྱི་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག  དེའི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་བགྲོ་གླེང་གནང་རྒྱུ།  སྤྱི་མོས།
ཁ༽ གྲོས་ཚོགས་འཚོགས་དུས་གསུམ་པའི་སྟེང་ཞི་འབོད་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་སྐོར་ལ་བགྲོ་གླེང་གནང་རྒྱུ།  སྤྱི་མོས།
ག༽ བོད་ནང་གཙོས་རྒྱལ་སྤྱིའི་ཐོག་གི་ཇོ་ནང་པ་ཡོངས་ལ་འབྲེལ་ལམ་བྱེད་སླད་སྔར་ཡོད་དང་བཅས་ས་གནས་ཁག་ཉི་ཤུར་ས་གནས་རྒྱུན་ལས་བསྐོ་བཞག  སྤྱི་མོས།

གྲོས་ཆོད། གསུམ་པ།  
གལ་ཏེ་གྲོས་ཚོགས་འཚོགས་དུས་གཉིས་པའི་ཐོག་དངས་ལེན་བྱེད་ཐབས་མེད་པའི་ཐག་གཅོད་བྱུང་ན།  སྙན་ཞུ་གཉིས་པ་ཞིག་འཕྲལ་དུ་ཕུལ་ནས་མ་འོངས་ལས་འཆར་ཁག་ཁ་གསལ་སྙན་གསན་ཞུ་རྒྱུ་དང་།  ད་ལོའི་དུས་དབང་སྐབས་ཀྱི་ཇོ་ནང་ཚོགས་ཆེན་སྐབས་སུ་གྲོས་ཚོགས་ཀྱི་ཐག་གཅོད་ལ་བཀའ་བསྡུར་ཀྱིས་གྲོས་ཚོགས་འཚོགས་དུས་གསུམ་པར་ཞི་འབོད་ལས་འགུལ་སྤེལ་རྒྱུ།  སྤྱི་མོས།

གྲོས་ཆོད། བཞི་བ།  
འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ངོས་ནས་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དང་སྟབས་བསྟུན་དེ། དབུ་མའི་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་དང་། གོ་སྒྲིག་བྱེད་ཕྱོགས་ལྷན་ཚོགས་ནས་སྐབས་བབས་ཐག་གཅོད་གནང་རྒྱུ།  སྤྱི་མོས།

གྲོས་ཆོད། ལྔ་བ།  
སིམ་ལ་ཇོ་ནང་མ་དགོན་དང་།  བལ་ཡུལ་ཇོ་ནང་དགོན་པའི་ལས་ཐོག་མཁན་རིན་པོ་ཆེ་རྣམ་གཉིས་ཇོ་ནང་འགྲོ་ཕན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སུ་བསྐོ་རྒྱུ་དང་། དེ་བཞིན་དུ་ལྷོ་ཕྱོགས་གནས་སྡོད་སྐུ་ཞབས་སྟོབས་འབྱོར་ལགས་དང་། ལྡི་ལིར་གནས་སྡོད་སྐུ་ཞབས་ཟླ་བ་ལགས། ཝ་ར་ན་སིར་གནས་བཞུགས་དགེན་རྣམ་རྒྱལ་སླགས་བཅས་དབུས་རྒྱུན་གསུམ་དགོངས་ཞུའི་ལས་ཚབ་དུ་འོས་འདེམས་བྱས།  སྤྱི་མོས།
རྒྱལ་སྤྱིའི་ཇོ་ནང་སྐུ་ཚབ་ལྷན་ཚོགས་ཐེངས་དང་པོའི་འཚོགས་མི་ལྷན་རྒྱས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༦ ཉིན་གཏན་ལ་ཕབ་པ།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།