ང་ཚོར་བོད་ཕྱི་ནང་གཉིས་ཀྱི་འགན་ཡོད་པ་རེད།

 པར་འདེབས།

༢༠༡༦།༠༩།༡༦ཉིན་སྤེལ།  ངས་བོད་རང་གི་མི་སྣ་རླབས་ཆེན་རྣམས་ཀྱི་མཛད་རྗེས་གཏམ་རྒྱུད་དུ་བཀོད་དེ། སྟོང་ཆ་ཞིག་སྐོང་བ་ཡིན་ལ། དམིགས་གསལ་གྱིས་དེང་དུས་སློབ་མ་རྣམས་ཀྱི་ཀུན་སྤྱོད་ཀྱི་ཆ་ལ་རོགས་ཕན་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་བཅས་གསལ་བརྗོད་གནང་སོང་།

altདེ་རིང་ཉིན་རྒྱབ་ཀྱི་ཚོུད་༠༣པའི་ཐོག བཞུགས་སྒར་ངྷ་རམ་ས་ལར་ཡོད་པའི་ངྷ་ཞོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ནས་རྩོམ་པ་པོ་རེ་མདོ་སེང་གེ་ལགས་ཀྱི་ས་བརྩམ་པའི་གཞི་རིམ་བར་མའི་སློབ་ཕྲུག་གི་གནས་ཚུལ་དང་འཚམས་པའི་གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དེབ་ཕྲེང་བཅུ་དང་། བྱང་ཨ་རིའི་གཟའ་མཇུག་གི་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་བ་བར་གྱི་སློབ་དེབ་དྲ་ཐོག་ཏུ་ཡོད་བཅས་ཤེས་རིག་བཀའ་བློན་མཆོག་གིས་དབུ་འབྱེད་གནང་སོང་།

གོང་ཚེས་ཉིན་དབུ་འབྱེད་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག གཏམ་རྒྱུད་དེབ་ཀྱི་རྩོམ་པ་པོ་རེ་མདོ་སེང་གེ ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ། དེ་ག་སློབ་གྲྭ་དང་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་དང་དགེ་ཆོས། ཀིརྟི་དགོན་པའི་མཁན་རིན་པོ་ཆེ་དང་དགེ་བཤེས་ཁ་ཤས། དཔེ་སྟོན་སློབ་གྲྭ་དང་ངྷ་ཞོད་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བཅུ་བ་བར་གྱི་སློབ་ཕྲུག དགེ་རྒན་རྣམ་པ་དང་གསར་འགོད་པ་བཅས་མི་གྲངས་༥༠༠ལྷག་གིས་ཚོགས་ཁང་བཀང་སོང་།


ཐོག་མར་ཤེས་ཡོན་ལྷ་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ནས་ཕེབས་བསུ་དང་ངོ་སྤྲོད་ཞུ་ཞོར་དུ། ང་ཚོ་ཤེས་རིག་ལས་ཁུངས་ངོས་ནས་འཛིན་རོམ་དང་པོ་ནས་ལྔ་བ་བར་དུ་བྱིས་སྒྲུང་ཀློག་རྒྱུ་གང་འཚམས་བཟོས་ཡོད། ཡིན་ནའང་། ༢༠༡༢ལོར་མཁས་དབང་རེ་མདོ་སེང་གེ་ལགས་སུ་འཛིན་གྲྭ་དྲུག་པ་ནས་ཤེས་ཡོན་གྱི་གནས་ཚུལ་དང་འཚམས་པའི་གཏམ་རྒྱུད་ཅིག་མཐུན་འགྱུར་གནང་རོགས་ཞེས་འབོད་སྐུལ་ཞུས་པ་བཞིན་བོད་རང་གི་རིག་གཞུང་གི་ངོ་བོ་དང་མཐུན་པའི་དེབ་ཕྲེང་བཅུ་ཞིག་པར་བསྐྲུན་བྱས་ཏེ་དབུ་འབྱེད་གནང་ཐུབ་ཡོད་པ་རེད། དེ་བས་སློབ་ཕྲུག་ཚང་མས་དེབ་བཅུ་འདི་ནི་ཀློག་སྟེ་འདིའི་ནང་གི་བསླབ་བྱ་ལེན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་སོང་།

དེའི་རྗེས་སུ་གཏམ་རྒྱུད་དེབ་བཅུའི་རྩོམ་པ་པོ་རེ་མདོ་སེང་གེ་ལགས་ཀྱིས་དེབ་རྣམས་དང་འབྲེལ་བའི་གཏམ་བཤད་གནང་བ་ལས། དེབ་ཀྱི་མིང་སྤྱི་ལ་གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཟེར་ཞིང་། ནང་དོན་གྱི་ཆ་ནས་གནའ་སྔ་མོར་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཡོད་པའི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་ལས་ཀུན་སྤྱོད་དང་སློབ་གསོ་རང་བཞིན་ལྡན་པ་བསྡུ་སྒྲིག་གིས་གཏམ་རྒྱུད་ཀྱི་རང་བཞིན་དུ་བྲིས་པ་ཞིག་ཡིན་ལ། དེ་ཡང་ཆོལ་ཁ་དང་ཆོས་ལུགས། གནའ་དེང་དབྱེ་བ་མ་ཕྱེ་བར་བྲིས་པ་དང་། དེབ་འདི་དག་ནང་གཏམ་རྒྱུད་ཚན་པ་༡༠༠ཡོད་ལ། དེ་དག་ནི་ཚན་པ་བཅུ་རེ་བྱས་ཏེ་དེབ་བཅུ་རུ་གྲུབ་པ་ཞིག་ཅེས་དང་།

འདི་ལྟར་གཏམ་རྒྱུད་དེབ་བརྩམས་དགོས་པའི་རྒྱུ་མཚན་ནི། ༡ ལོ་རྒྱུས་ཀྱི་བྱུང་རིམ། ༢ ད་ལྟའི་དངོས་ཡོད་གནས་སྟངས། ༣ དངོས་ཡོད་ཀྱི་དཀའ་ཁག་ལ་གདོང་ལེན་བྱེད་སྟངས་བཅས་དོན་ཚན་གསུམ་གྱི་སྒང་ནས་འགྲེལ་བརྗོད་དང་། དམིགས་གསལ་གྱིས་གཏམ་རྒྱུད་འདི་ནི་སྐད་ཆ་བརྡ་སྤྲོད་དང་མཐུན་པ་དང་པོ་དང་། བསྟན་བཅོས་དང་མཐུན་པ་གཉིས་པ་བྱས་ཏེ་བྲིས་པ་ཡིན་ལ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་ཐོག་དེབ་ཀློག་རྒྱུ་མེད་པ་དང་། ཡོད་པ་དེ་ཡང་བསྒྱུར་རྩོམ་རྐྱང་རྐྱང་ཞིག་ཡིན་དུས། ངས་བོད་རང་གི་མི་སྣ་རླབས་ཆེན་རྣམས་ཀྱི་མཛད་རྗེས་གཏམ་རྒྱུད་དུ་བཀོད་དེ། སྟོང་ཆ་ཞིག་སྐོང་བ་ཡིན་ལ། དམིགས་གསལ་གྱིས་དེང་དུས་སློབ་མ་རྣམས་ཀྱི་ཀུན་སྤྱོད་ཀྱི་ཆ་ལ་རོགས་ཕན་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་བཅས་གསལ་བརྗོད་གནང་སོང་།

altམཐར་ཤེས་རིག་བཀའ་བློན་མཆོག་གིས་གཏམ་རྒྱུད་དེབ་བཅུ་དང་གཟའ་མཇུག་སློབ་དེབ་དྲ་ཐོག་ཏུ་དབུ་འབྱེད་གནང་བ་དང་ཆབ་ཅིག འབྲེལ་ཡོད་ཀྱི་གཏམ་བཤད་གནང་བ་ལས། མཁས་དབང་རེ་མདོ་སེང་གེ་ལགས་ཀྱིས་གཞི་རིམ་བར་མའི་ཤེས་ཡོན་དང་འཚམས་པའི་དེབ་བཅུ་བརྩམས་གནང་ཡོད་པ་དང་། འདི་ནི་ཧ་ཅང་གི་ཕོན་ཆེན་པོ་ཞིག་རེད། ནམ་རྒྱུན་ང་ཚོས་དེབ་གཅིག་རྩོམ་པ་དང་པར་སྐྲུན་གཏོང་བར་དཀའ་ལས་ག་ཚོད་ཡོད་པ་རེད། ང་རང་ལོ་བདུན་བཅུར་སླེབས་ལ་ཡོད་ཀྱང་ད་རུང་དེབ་གཅིག་ཀྱང་འབྲི་ཐུབ་ཡོད་པ་མ་རེད། ཁོང་གིས་བཙན་བྱོལ་དང་བོད་ནང་གི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་དེབ་འདི་འདྲ་ཞིག་བཏོན་པར་རང་བཞིན་གྱིས་དགའ་ཚོར་ཞིག་སླེབས་བྱུང་། དེ་མིན་ཁོང་གིས་སྔོན་མར་ཤེས་ཡོན་སྲིད་བྱུས་སྒང་ལ་དེབ་ཞིག་བཏོན་པ་རེད། ༧གོང་ས་མཆོག་གི་དགོངས་གཞི་ནི་སོ་སོའི་སྐད་ཡིག་རང་རྐྱ་འཕེར་བ་ཞིག་ཡོང་བ་དང་དེནས་་སྐད་ཡིག་གཞན་སྦྱངས་ཏེ་འདབ་གཤོགས་གཉིས་ལྡན་ཞིག་ཡོང་བར་བཀའ་སློབ་རིམ་བཞིན་ཕེབས་གན་ངཡོད་པ་རེད། ལྷག་པར་རྒྱལ་སྤྱིའི་སྙན་ཐོའི་ནང་དུ་དེ་སྔ་འཛམ་གླིང་སྐད་ཡིག་༡༠༠༠༠ཡོད་པ་དང་། ད་ལྟ་སྐད་ཡིག་༥༦༠༠ལྷག་འདུག དེའི་ནང་གི་སྐད་ཡིག་༡༢༠ལྷག་ཅིག་ལོ་ལྔའི་ནང་དུ་མེད་པར་འགྲོ་བ་རེད་ཅེས་བཀོད་འདུག སྐད་ཡིག་གི་ཁྱད་ཆོས་ནི་བེད་སྤྱོད་གཏོང་མཁན་ལ་ཐུག་ཡོད་པ་དང་། ང་ཚོའི་བོད་པའི་སྐད་ཡིག་ནི་བེད་སྤྱོད་གཏོང་མཁན་ས་ཡ་དྲུག་མ་གཏོགས་མེད་པ་དང་། བོད་ནང་དུ་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོའི་ངང་ནས་བོད་ཀྱི་སྐད་ཡིག་བཀག་འགོག་བྱེད་ཀྱི་ཡོད་མོད། བོད་ནང་གི་བོད་མི་ཚོས་དེ་ལ་གདོང་ལེན་ཤུགས་ཆེན་བྱེད་ཀྱི་འདུག བཙན་བྱོལ་ནང་དུ་ང་རང་ཚོའི་ལག་ཏུ་ཡོད་པ་མ་ཟད། ང་ཚོར་བོད་ཕྱི་ནང་གཉིས་ཀྱི་འགན་ཡོད་པ་ཞིག་རེད་ལ། ང་ཚོས་གཟབ་གཟབ་མ་བྱས་ན་ང་ཚོའི་སྐད་ཡིག་ལ་ཉེན་ཁ་ཡོད་པ་ཞིག་ཆགས་འདུག་ཅེས་ལམ་སྟོན་གནང་སོང་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།