བོད་མིའི་གཞི་རིམ་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན།

 པར་འདེབས།

༢༠༡༦ལོའི་ཟླ་༩ཚེས་༡༥ཉིན་སྤེལ། འདི་གར་འབྱོར་བའི་གནས་ཚུལ་ལ་གཞིགས་ན། བོད་མིའི་གཞི་རིམ་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ པ་ར་ལྦང་ལ་རུ་བདེ་ལེགས་ངང་མཇུག་བསྒྲིལ་ཡོད་པའི་གནས་ཐོན་འདུག

Tibet-Cooperatatives-Conference-2016-1དེ་ཡང་ཕྱི་ཟླ་༩ཚེས་༧ནས་༩བར་ཉིན་གསུམ་རིང་བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ པ་དེ་ར་ལྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་བསྐྱངས་ཡོད་པ་དང། ཕྱི་ཚེས་ ༧ ཉིན་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ནང་སྲིད་བཀའ་བློན་སྐོུ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སློབ་སྟོན་པ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་མཆོག་ཕེབས་ཡོད་ཅིང༌། གཞན་ཡང་སྐུ་མགྲོན་དུ་འབྲས་ལྗོངས་ར་ལྦང་ལ་མཉམ་འབྲེལ་དེབ་བསྐྱེལ་ལས་ཁུངས་ཀྱི་ལས་བྱེད་པདྨ་རྡོ་རྗེ་ལགས། སི་ཀེ་རའི་ C K Rai ལགས་དང། སྒང་ཏོག་དང་ར་ཝང་ལ་ས་གནས་འགོ་འཛིན། །ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། སློབ་གྲ་ཁག་གི་དགེ་ལས་དང་སློབ་ཕྲུག། གཞིས་གྲོང་ཁག་གི་བརྒྱ་དཔོན་བཅས་མཛད་སྒོར་ཕེབས་བཅར་གནང་ཡོད།

བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་ཡིད་དགའ་ལགས་ཀྱིས་སྐུ་མགྲོན་རྣམས་ཕེབས་བསུ་དང་སྦྲགས་ད་ལྟའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས་སྐོར་ངོ་སྤྲོད་གནང་རྗེས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འཕེལ་རིམ་དང་མ་འོངས་ལས་འཆར། དེ་བཞིན་བོད་མིའི་གཞིས་ཆགས་ཁག་གི་མཉམ་འབྲེལ་ནང་བོད་མི་རྣམས་ནས་མཉམ་བཞུགས་དང་གཞོན་སྐྱེས་མང་དག་ཞིག་གིས་འོས་བསྡུའི་ལམ་ནས་བོད་མིའི་མཉམ་འབྲེལ་ཁག་གི་འགན་འཛིན་ལྷན་ཚོགས་ཁོངས་སུ་འོས་འདེམས་བྱུང་སྟེ།

སོ་སོའི་གཞིས་ཆགས་ཁག་གི་ནང་ཡར་རྒྱས་ཇི་ལྟར་གཏོང་ཐབས་ཐོག་བརྟག་ཞིབ་ནན་བྱས་པའི་བརྒྱུད་ལས་དོན་ཧུར་ཐག་གནང་ཡོད་པ་མ་ཟད་མི་མང་དཀྱུས་མ་དང་མ་ཤས་བདག་པོ་སོགས་ལ་ཁེ་ཕན་ཡང་མང་དག་ཅིག་བསྐྲུན་ཐུབ་ཡོད་སྐོར། དེ་བཞིན་ཁོང་གིས་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་སློབ་སྟོན་པ་གནང་རོགས་ཞེས་རེ་འདུན་ཞུས་པ་ལྟར་མོས་མཐུན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

དེ་རྗེས་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སློབ་སྟོན་པའི་ལས་གནས་འདིར་མོས་མཐུན་ཞུ་རྒྱུར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནི་མི་མང་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། མང་ཚོགས་ཀྱི་བདེ་དོན་ཆེད་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཤིག་ཀྱང་འདུག ཅེས་དང༌། ད་དུང་ཁོང་གིས་བོད་མིའི་གཞིས་ཆགས་ཁག་ཐོག་མར་གསར་འཛུགས་སྐབས་དཀའ་ངལ་འཕྲད་དུས་མཉམ་འབྲེལ་གྱིས་བོད་མིའི་གཞིས་ཆགས་ཁག་གི་ནང་ཡར་རྒྱས་ཀྱི་བྱེད་སྒོ་སྤེལ་ཡོད་སྐོར་སོགས་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནས་རང་རེའི་སྤྱི་ཚོགས་ནང་དགོས་མཁོ་གཞིར་བཟུང་ཡར་རྒྱས་བསྐྲུན་ཐུབ་པ་ལ་བསྔགས་བརྗོད་གནང་ཡོད། བཀའ་བློན་མཆོག་གིས་ད་དུང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པས་འཛིན་སྐྱོང་དང་བཀོད་བྱུས་སྟངས་འཛིན་གནད་སྨིན་ཡོང་སླད་མཉམ་འབྲེལ་གྱི་སྒྲིག་གཞི་དང་གནས་ཡུལ་རྒྱལ་ཁབ་དང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལྟར་བརྩི་སྲུང་བྱ་གལ་སྐོར་ནན་བརྗོད་གནང་སོང༌། དེའི་ཐོག་འབྲེལ་ཡོད་མི་སྣ་རྣམས་ལ་ཚོགས་པའི་དམིགས་ཡུལ་དང་འགན་འཁྲི་སོགས་ཀྱི་སྐོར་ཟབ་སྦྱོང་དང་སྦྱོང་བརྡར་སོགས་ཕུལ་ཏེ་ཚོགས་པ་དེ་ལམ་ལྷོངས་ལྡན་པ་ཞིག་བཟོ་དགོས་གལ་ཡིན་སྐོར་དང་མཉམ་འབྲེལ་གྱི་ལས་དོན་ལམ་ལྷོངས་ཡོང་སླད་ཚང་མས་འགན་ཁུར་དགོས་གལ་སྐོར་ནན་བརྗོད་གནང་སོང༌།

ད་དུང་བཀའ་བློན་མཆོག་གིས་ཚོང་ལས་ནང་མི་མང་གི་མཉམ་བཞུགས་དགོས་སྐོར་དང་བཀའ་ཤག་སྐབས་ ༡༥ ལས་འཆར་ལྔ་དང་ལྔ་བཅུ། དེ་བཞིན་ ༼བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིས་བྱུས་ ༢༠༡༤༽ ལག་སྟར་གནང་ཕྱོགས་དང༌། སྲིད་བྱུས་དེའི་འོག་མཉམ་འབྲེལ་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་སོ་སོའི་ཁེ་ཕན་རིགས་ཐོབ་ཐབས་བྱ་དགོས། དེ་རྗེས་བཀའ་བློན་མཆོག་གིས་བཀའ་ཟུར་རྒྱ་རིས་སྒྲོལ་མ་ལགས་ནས་མཉམ་འབྲེལ་གྱི་སློབ་སྟོན་པའི་འགན་ཁུར་བཞེས་བཞིན་ཡོད་པས་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་དབར་སྔར་ལས་ལྷག་པའི་འབྲེལ་བ་དང་མཐུན་འགྱུར་ཡོང་བའི་ཡིད་ཆེས་དང༌། ནང་སྲིད་ལས་ཁུངས་ནས་ཀྱང་གང་སྤྱིའི་ཐད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས།

སྤྱི་མཐུན་མཉམ་འབྲེལ་ནས་མཐུན་འགྱུར་སྒོ་སྒྲིག་དང་ར་ལྦང་ལ་ཀུན་ཕན་གླིང་ས་གནས་མཉམ་འབྲེལ་གྱིས་འབྲེལ་མཐུད་བགྱིད་ཏེ་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་བསྐྱངས་པའི་དགོས་དམིགས་གཙོ་བོ་ནི་སྤྱིར་གཞིས་ཆགས་སྲ་བརྟན་དང། ཡང་སྒོས་མཉམ་འབྲེལ་ཁག་གི་ལས་དོན་ཚགས་ཚུད་ཡོང་ཐབས་ཆེད་ལ་དམིགས་པ་ཞིག་ཡིན།

ཚོགས་ཆེན་གི་ཉིན་དང་པོར་ས་གནས་མཉམ་འབྲེལ་ཁག་གི་འདས་པའི་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ། འབྱུང་འགྱུར་ལས་དོན་བྱེད་འཆར་དང་སྔོན་རྩིས་སྐོར་སྙན་སེང་དང་ཕན་ཚུན་ལེགས་སྤེལ་ཉེས་འགོག་གི་དྲི་པ་དྲིས་ལན་གནང་རྒྱུའི་ལས་རིམ་བཅས་སྒྲིག་ཡོད།

ཚོགས་ཆེན་གྱི་ཉིན་གཉིས་པར་སྔ་ལོའི་འཛིན་སྐྱོང་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་ཀྱི་ལག་བསྟར་མཇུག་སྐྱོང་བྱུང་མིན་གནས་སྟངས་སྐོར་བསྐྱར་ཞིབ་ཀྱིས་ལས་དོན་ལག་བསྟར་བྱ་དགོས་རིགས་ལ་ཐུགས་ཞིབ་ཀྱི་མཇུག་སྐྱོང་བྱ་དགོས་སྐོར་གྱི་ལས་རིམ་སྒྲིག་ཡོད།
ཚོགས་ཆེན་གྱི་ཉིན་གཉིས་པ་དང་གསུམ་པར་ས་གནས་མཉམ་འབྲེལ་ཁག་རྣམས་ཚོགས་ཆུང་ཁག་གསུམ་དུ་ཆ་བགོས་ཀྱིས་མ་འོངས་མཉམ་འབྲེལ་གྱིས་ལས་གཞི་རྒྱ་བསྐྱེད་དང་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་སོགས་ཀྱི་གལ་ཆེའི་ལས་དོན་དང་འབྲེལ་བའི་གྲོས་གཞིའི་ཐོག་གོ་བསྡུར་སྦྱང་བཤད་ཀྱིས་ཉིན་མཐའ་མར་གྲོས་ཆོད་གཏན་འབེབས་གནང་རྒྱུ་ལས་རིམ་སྒྲིག་པ་དང། འཛིན་སྐྱོང་ཚོགས་ཆེན་འདིའི་ཐོག་མཉམ་བཞུགས་གནང་མཁན་མཉམ་འབྲེལ་ཁག་ ༡༥ ཚོགས་གཙོ། མཉམ་དྲུང། མཉམ་འབྲེལ་རེ་རེ་ནས་འགན་ལྷན་འཐུས་མི་རེ། སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་གཙོས་སྤྱི་མཉམ་ལས་དབུས་ཀྱི་ལས་བྱེད་དང་སྡེ་ཚན་ཁག་གི་འགན་འཛིན། ར་ལྦང་ལ་ཀུན་ཕན་གླིང་མཉམ་འབྲེལ་གྱི་འགན་ལྷན་འཐུས་མི་བཅས་ཀྱི་ཆ་ཤས་མཉམ་བཞུགས་གནང་ཡོད་པ་བཅས་ཡིན།

ཐེངས་འདིའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལས་ཁང་གིས་ཨོ་རི་ས་ཕུན་ཚོགས་གླིང་མཉམ་འབྲེལ་དང་རྡོར་གླིང་བསུ་ན་མདའ་མཉམ་འབྲེལ་གཉིས་བཙུགས་ཏེ་སྤྱི་ཚོགས་ལ་མཐུན་འགྱུར་དང་ཞབས་འདེགས་རྒྱ་ཆེ་ཞུས་གནང་པར་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་འཚམས་འདྲི་དང་ལེགས་སོའི་གྱི་བྱ་དགའ་སྩལ་ཡོད།

བོད་མིའི་གཞིས་ཆགས་ཁག་གི་མཉམ་འབྲེལ་རྣམས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྒལ་ཚིགས་ལྟ་བུ་དང་དེ་དག་གིས་འགན་ཁུར་ཐོག་བོད་མིའི་གཞིས་ཆགས་ཁག་ནང་ཡར་རྒྱས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་བཅས།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།