འབོད་སྐུལ་དང་རྒྱབ་སྐྱོར་ཞུ་ས་རྒྱལ་སྤྱི་མ་གཏོགས་མེད།

 པར་འདེབས།

༢༠༡༦།༠༩།༡༣ཉིན་སྤེལ། བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་༣༢འགོར་བའི་མཛད་སྒོའི་སྒྲག་གཏམ་ནང་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་ཛ་དྲག་གི་འབོད་སྐུལ་དོན་ཚན་ ༥ ཞུས་ཡོད་འདུག

altའདི་ཟླའི་ཕྱི་ཚེས་༡༠ཉིན་གྱི་སྔ་དྲོར་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་ནང་བསྐྱར་དུ་བཙུགས་ཏེ་ལོ་ངོ་ ༣༢ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་ཚོགས་འཚོགས་ཡོད་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། དམིགས་བསལ་སྐུ་མགྲོན་བཙུན་མའི་ལས་འཆར་གྱི་འགན་འཛིན་དང་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། བོད་མི་མང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིན་མོང་གོ་ཊི་ཡ་ལགས། གཞན་ཡང་། དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་རྒྱུན་ལས་དང་ཚོགས་མི་བཅས་མི་གྲངས་ ༡༥༠ ཡས་མས་འཛོམས་འདུག

སྐབས་འདིའི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་འབྲེལ་བའི་གསུང་བཤད་ལས། བོད་ནང་གི་གནས་སྟངས་སྐོར་ལ་བཀའ་མོལ་དང་རང་ལུས་མེར་བསྲེགས་བཏང་བ་དང་འབྲོག་པའི་འཚོ་བར་དཀའ་ངལ་ཡོད་པ་སོགས་ཚང་མས་མཁྱེན་གྱི་ཡོད་པ་རེད། དེ་བཞིན་བཙན་བྱོལ་ནང་གི་འདས་པའི་ལོ་ ༥༠ ལྷག་གི་ནང་༸རྒྱལ་བ་རིན་པོ་ཆེའི་ལམ་སྟོན་འོག་མི་རབས་རྒན་པ་མང་པོ་ཞིག་གིས་སྐུ་ལས་ཞེ་དྲགས་བསྐྱོན་ཡོད་པ་རེད། ང་ཚོས་ལུས་ངག་ཡིད་གསུམ་གྱི་ཡིད་ཆེས་ཡོད་པ་དང་སོ་སོའི་རྒྱལ་ཁབ་ལ་ཤ་ཚ་ཡོད་པའི་ཐོག་ཕྱག་ལས་གནང་དགོས་ཀྱི་འདུག་མ་གཏོགས་གནང་གི་ཡོད་པ་འདྲ་བོ་དང་། གནང་གི་མེད་པ་འདྲ་བོ་བྱས་ཏེ་སོ་སོའི་མིང་དང་ཁེ་ཕན་ལ་བལྟས་ནས་བྱེད་ཀྱི་ཡོད་པ་འདྲ་བོ་ཞིག་འདུག དེ་འདྲ་བྱས་ན་རྒྱལ་ཁབ་ཅིག་གི་རྩ་དོན་འགྲུབ་རྒྱུ་ཁག་པོ་རེད་འདུག་ཅེས་དང་།

གཞན་ཡང་མོས་མུ་མཐུད་དུ་བོད་ཀྱི་བུད་མེད་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡ་རབས་བཟང་སྤྱོད་སོགས་ཀྱི་ཐོག་འགན་འཁུར་ཆེན་པོ་ལེན་དགོས་ལ། དེ་ཚོར་འགན་ལེན་མ་ཐུབ་པ་ཡིན་ན་རྒྱ་ཆེ་ས་ཡི་ཕྱག་ལས་མི་འགྲུབ་པ་མ་ཟད། སོ་སོའི་ལག་འོག་ཏུ་ཡོད་པའི་ལས་ཀ་རྣམས་ཀྱང་ཤོར་སོང་ཚེ་ཡིད་ཕངས་པོ་པ་ཡིན་སྟབས་ཧུར་ཐག་གིས་འགྱོད་པ་མེད་པ་ཞིག་བྱེད་པ་ནི་གལ་ཆེན་པོ་རེད། སོ་སོའི་རྒྱལ་ཁབ་ལ་ཤ་ཚ་ཡོད་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་རེད་མ་གཏོགས། སོ་སོའི་མིང་དང་ཁེ་ཕན་ལ་བལྟས་པ་འདྲ་བྱུང་ན་རྒྱལ་ཁབ་ཀྱི་རྩ་དོན་འགྲུབ་རྒྱུ་ཁག་གི་རེད་ཅེས་ལམ་སྟོན་བྱས་ཡོད་འདུག

དེའི་རྗེས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་སིན་མོང་གོ་ཊི་ཡ་ལགས་ཀྱིས། ༡༩༥༩ལོར་རྒྱའི་བཙན་འོག་བཙན་བྱོལ་དུ་ཡོང་བ་ནས་༸གོང་ས་མཆོག་དང་བོད་མི་ཚོ་དྷ་རམ་ས་ལར་གནས་སྡོད་བྱེད་བཞིན་ཡོད་པ་དེས། ས་གནས་རྒྱ་གར་བའི་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་བར་བཀའ་དྲིན་ཆེ་དང་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱ་གར་བུད་མེད་ཀྱི་ལྷན་ཚོགས་ཁག་དང་འབྲེལ་ལམ་ཡག་པོ་འཛིན་དགོས་པ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་ཡོད་འདུག

མཐར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ང་རང་ཚོའི་འཐབ་རྩོད་ཀྱི་ཆབ་སྲིད་ངོ་བོ་གང་ཡིན་པ་དེར་གསུང་བཤད་ཀྱི་ནང་དོན་ཚན་ལྔ་ཅན་ཞིག་བཀོད་ཡོད་པ་དང་། དེ་ཡང་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་སྟབས། ང་ཚོས་འབོད་སྐུལ་ཞུ་ས་དང་རྒྱབ་སྐྱོར་ཞུ་ས་དེ་འཛམ་གླིང་རྒྱལ་སྤྱི་མ་གཏོགས་གཞན་སུ་གང་མེད་པར་བརྟེན། འབོད་སྐུལ་དོན་ཚན་དེ་ཚོ་ཞེ་དྲགས་རྣོ་ངར་ལྡན་པ་དང་དོན་དང་ལྡན་པ་ཞིག་རེད། ཡིན་ནའང་། དོན་ཚན་དེ་ཚོ་ཡིག་འབྲུའི་ངོ་བོའི་སྒང་ནས་ལྷག་པ་མ་ཡིན་པར་མ་འོངས་པར་ཡིག་ཆ་དེ་ཚོ་གཞིར་བཞག་སྟེ་འགུལ་སྐྱོད་ཐེབས་པ་ཞིག་དགོས་པའི་སྐོར་ལམ་སྟོན་ཤ་སྟག་བྱས་ཡོད་འདུག

མཛད་སྒོའི་ཐོག་བོད་དབྱིན་གཉིས་ཀྱི་ཐོག་སྒྲོག་སྦྱངས་གནང་བའི་གསལ་བསྒྲགས་ནང་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་ཛ་དྲག་གི་འབོད་སྐུལ་དོན་ཚན་ ༥ བྱས་ཡོད་དག་ནི།
དང་པོ་ནི། རྒྱ་ནག་ལ་ནན་སྐུལ་དང་གནོན་ཤུགས་ཐོག་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གྲོས་མཐུན་བཏོན་གནང་བའི་དབུ་མའི་ལམ་གྱི་ཐོག་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་ཡང་བསྐྱར་བཀའ་མོལ་འགོ་འཛུགས་ཡོང་བ་ཞུ་རྒྱུ།

གཉིས། རྒྱའི་བཙོན་ཁང་ནང་ལོ་ངོ་ ༢༡ རིང་ལྷག་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གར་ཡོད་མི་ཤེས་པ་དེ་ཉིད་གང་མྱུར་གྲོལ་དཀྲོལ་ཡོང་ཆེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། འོན་ཀྱང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་པོས་ཞུ་འབོད་དང་གནོན་ཤུགས་ཐེངས་མང་གནང་ཡང་། རྒྱའི་དབང་འཛིན་པ་ཚོས་དེ་ལ་ཡ་ལན་སྤྲད་མེད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བསྐྱར་དུ་རྒྱའི་དབང་འཛིན་པ་ཚོ་ལ་ནན་སྐུལ་ཞུ་རྒྱུར་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་པའི་ཆ་ནས་ཁོང་ཚོ་ལ་དྲག་གནོན་མི་བྱེད་པར་ཞི་དུལ་དུ་གྱུར་བ་གནང་རོགས་ཞུ་རྒྱུ་ཡིན།

གསུམ། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་ཤར་ཕྱོགས་གསེར་རྟ་རྫོང་ཁུངས་བླ་རུང་སྒར་གྱི་དགོན་པས་གྲྭ་ཤག་ཧ་ལས་པའི་མང་པོ་གཏོར་བཤིག་གི་དཀའ་ངལ་དང་། དེར་བརྟེན་གྲྭ་བཙུན་རྣམས་རང་སྲོག་གཅོད་རྒྱུའི་གནས་སྟངས་ཧ་ཅང་ཛ་དྲག་བྱུང་རྐྱེན་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ནང་གི་དཔོན་རིགས་ཚོ་ལ་ཛ་དྲག་གི་མཚམས་འཇོག་དགོས་པའི་ནན་སྐུལ་ཤུགས་ཆེན་ཞུ་ཡི་ཡོད།

བཞི། མཉམ་འབྲེལ་རྒྱལ་ཚོགས་ལ་ནན་སྐུལ་ཞུ་རྒྱུར་རྒྱ་ནག་གཞུང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གང་མགྱོགས་ཀློད་དཀྲོལ་ཡོང་བ་ཞུ་རྒྱུ་ཡིན།

ལྔ། ད་བར་རྒྱ་གཞུང་གི་བྱ་སྤྱོད་ལ་ཞི་དུལ་དུ་གྱུར་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ནས་ངེས་པར་དུ་ཕྱག་བསྟར་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན་པ་བཅས་རེད།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།