བོད་ཀྱི་མང་གཙོའི་གསོལ་རས་ཐེངས་༥༦པ་སྲུང་བརྩི་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༩།༠༢ཉིན་སྤེལ། ༧གོང་ས་མཆོག་གིས་བོད་མིང་མང་ལ་མང་གཙོའི་གསོལ་རས་སྩལ་སྟེ་མི་ལོ་ཧྲིལ་བོ་༥༦འཁོར་བའི་དུས་དྲན་གྱི་མཛད་སྒོ་བཞུགས་སྒར་དུ་གཞུང་དམངས་གཉིས་ཀྱིས་སྲུང་བརྩི་གཟབ་རྒྱས་གནང་སོང་།

altདེ་རིང་སྔ་དྲོའི་ཚོུད་༡༠།༠༠ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༦ འཁོར་བའི་དུས་ཆེན་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

དེ་ཡང་གོང་ཚེས་ཉིན་གཙུག་ལག་ཁང་གི་གསུང་རའི་དབུ་གཡབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བཀའ་བློན་གཞན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་མུ་ཀུཊ་མི་ཐི་ Mukut Mithi མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུན་ཀུ་མར་ Dr.Arun Kumar མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུ་བ་ཆེ་ཕྲ་རྣམ་པ། རྡ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། མི་དམངས་དང་སློབ་ཕྲུག ཡུལ་གྲུ་གཞན་གྱི་མི་སྣ་སོགས་ཁྱོན་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་མང་གཙོའི་གསར་བཞད་བཏང་རྗེས་རིམ་བཞིན་སྐུ་མགྲོན་རྣམ་པར་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ་བ་དང་ཆབས་ཅིག་སློབ་ཕྲུག་དང་མི་མང་ལ་མངར་ཟས་བགོ་འགྲེམས་གནང་།

དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྲིད་སྐྱོང་གཟེངས་རྟགས་བཞེས་མཁན་འབུམ་རམས་པའི་སློབ་ཐོན་པ་ལྔ་ལ་གཟེངས་རྟགས་གནང་གྲུབ་བསྟུན། དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་གཟེངས་བསྟོད་ཕྱག་ཁྱེར་བཞེས་མཁན་སློབ་ཕྲུག་གཉིས་ལ་ཕྱག་ཁྱེར་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་སློབ་ཚན་སྡེ་ཁག་གསུམ་ནས་ཤེས་ཡོན་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དང་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་ཁྱད་ལས་ཚོང་པ་གསར་པར་༼ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་༽ གནང་གྲུབ་མཚམས། བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་༼༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་བསྟོད་དབྱངས།༽ ཞེས་པ་ཕུལ་རྗེས་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུན་ཀུ་མར་མཆོག་གིས་གསུང་བཤད་གནང་། དེ་རྗེས་རྡ་ཤོད་བོད་ཁྱིམ་སློབ་གྲྭ་ནས་གཞས་སྣ་༼ནང་མ་བྱ་ལག༽ ཞེས་པ་འཁྲབ་སྟོན་ཞུས། དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་མཚམས། ཡོངས་གླིང་སློབ་གྲྭ་ནས་འཁྲབ་གཞས་༼ལྷ་རྩེ་དང་གར།༽ ཞེས་པ་འཁྲབ་སྟོན་ཞུས་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་མུ་ཀུཊ་མི་ཐི་ Mukut Mithi མཆོག་གིས་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ཨ་མདོ་རེབ་ཀོང་གི་སྐོར་བྲོ་༼ས་འདི་ལ་སྐྱིད་པའི་སྨོན་ལམ་འདེབས།༽ ཞེས་པ་འཁྲབ་སྟོན་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་ཡོངས་སུ་གྲོལ་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།