བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་བསྐོང་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༨ །༣༡ཉིན་སྤེལ། བོད་པའི་སྤྱི་ཚོགས་ནང་བུད་མེད་ཚོང་རྒྱག་མཁན་བརྒྱ་ཆ་ ༡༡ ནས་ ༡༥  ལས་མི་འདུག བརྒྱ་ཆ་༨༠ ལྷག་སྐྱེས་པ་རེད་འདུག དེར་བརྟེན་བུད་མེད་ནུས་སྟོབས་སྤེལ་རྒྱུ་དང་སྦྲགས་བུད་མེད་ཚོང་པ་མང་ཙམ་ཐོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག

ཁ་སང་སྔ་དྲོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ Tibetan Entrepreneurship Development ཚན་པའི་གོ་སྒྲིག་འོག་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་བསྐོང་ཚོགས་གནང་ཡོད།

སྐབས་འདིའི་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས། ཡར་ཐོན་ཅན་གྱི་ཚོང་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསུང་བཤད་གནང་དོན། སྤྱིར་བཏང་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་ཡར་ཐོན་ཚོང་པ་བསྐྲུན་རྒྱུ་དང་། དེའི་འཆར་གཞི་གདིང་རྒྱུ། དེའི་དོན་དུ་དངུལ་གྲོན་གྲ་སྒྲིག་བྱས་ཏེ་ལོ་གསུམ་ཙམ་འགྲོ་བཞིན་ཡོད། ཡར་ཐོན་ཚོང་པའི་ལས་འཆར་དངོས་སུ་འགོ་བཙུགས་ནས་ལོ་གཉིས་ཕྱིན་ཡོད། ལས་གཞི་འདི་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་པའི་སྤྱི་ཚོགས་ནང་རང་ཁ་རང་གསོ་ཡོང་ཐབས་ཆེད་ཡིན། བཀའ་ཤག་སྐབས་གོང་མ་དང་བཀའ་ཤག་འདིའི་གཞི་རྩའི་ལྟ་གྲུབ་གསུམ་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་ཡིན་པ་ལྟར། སྤྱི་ཡོངས་ནས་བོད་མི་ཚང་མ་ཆིག་སྒྲིལ་དགོས་ཀྱི་ཡོད། ལྷག་པར་དེ་རིང་ལྟ་བུར་མཚོན་ན་ལས་རིགས་གང་གི་ཐོག་ཚོང་ལས་གཉེར་གྱི་ཡོད་ཀྱང་།  འདིར་ཚོང་པ་ཚང་མ་སྡིངས་ཆ་གཅིག་གི་ཐོག་མཉམ་འཛོམས་ཐུབ་པ་དེ་ཡང་ལས་རིགས་གཅིག་གི་ཆིག་སྒྲིལ་གྱི་རྩ་བ་བཏོན་གྱི་ཡོད།

ལྷག་པར་གསར་གཏོད་ཐོག་ཞུས་ན་བཀའ་ཤག་སྐབས་གོང་མའི་དུས་ནས་དཔལ་འབྱོར་ལས་ཁུངས་ཀྱི་ཡར་ཐོན་ཚོང་པ་བསྐྱེད་སྲིང་བྱེད་རྒྱུ་དང་། ཟབ་སྦྱོང་འབུལ་རྒྱུ། མ་འཛུགས་ཀྱི་མ་དངུལ་གནང་རྒྱུ་སོགས་ཀྱི་ལས་གཞི་སྤེལ་ཏེ་གསར་གཏོད་ཀྱི་རྣམ་པ་བཏོན་ཡོད། དེ་བཞིན་མ་འཛུགས་དང་ཟབ་སྦྱོང་སོགས་གནང་བའི་ཐོག་ནས་ཚོང་པ་རྣམ་པ་རང་ཁ་རང་གསོ་ཐུབ་ཐབས་ཙམ་མ་ཟད། བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཡོང་ཐབས་འདི་ལྟ་བུའི་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་ནི་དེ་རིང་གི་ལས་ཀའི་ངོ་བོའི་ཐོག་སྦྱར་བ་ཡིན་ནའང་མ་འགྲིག་པ་མེད། དཔལ་འབྱོར་ལས་ཁུངས་ཀྱི་ཚན་པ་འདིའི་ངོས་ནས་ལོ་གཉིས་ལྷག་ཙམ་རིང་ནས་ལས་གཞི་ཁག་དྲུག་ཙམ་སྤེལ་དང་སྤེལ་བཞིན་ཡོད། ངས་སྙིང་བསྡུས་ཞུས་ན། བོད་མི་གཞོན་སྐྱེས་ཡར་ཐོན་ཚོང་པ་དོ་དབྱིངས་ཡོད་མཁན་ཚོར་སྔོན་འགྲོའི་སྐྱེ་སྲིང་གི་སྦྱོང་བརྡར་འབུལ་རྒྱུ། སློབ་གྲྭའི་སློབ་མ་ཚོར་ཚོང་གི་རིག་པའི་ཐོག་གོ་རྟོགས་སྤེལ་རྒྱུ། དེ་བཞིན་ཚན་པའི་མཁས་ལས་པའི་ངོས་ནས་ཆེད་མངགས་ཚོང་པ་ཚོར་སྦྱོང་བརྡར་ཕུལ་བའི་ཐོག་ནས་སློབ་སྟོན་གྱི་ལས་གཞི། དེ་བཞིན་ཚོང་པ་ཚོའི་ངོས་ནས་སྐྱེ་སྲིང་གི་སྦྱོང་བརྡར་གྲུབ་རྗེས་ལས་འཆར་གྱི་འཆར་གཞི་འགྲན་བསྡུར་བྱས་ཏེ་མ་དངུལ་གནང་རྒྱུའི་ལས་གཞི། དེ་བཞིན་བལ་ཡུལ་ནང་གི་ཚོང་པ་ཚོར་བོད་མིའི་བདེ་དོན་ལྷན་ཚོགས་དང་མཉམ་རུབ་ཐོག་བོད་མི་ཚོང་པ་ན་གཞོན་ཚོང་པ་སྐྱེ་སྲིང་བྱེད་རྒྱུའི་ལས་འཆར་སྤེལ་རྒྱུ།

དེ་རིང་ལྟ་བུའི་འདུ་འཛོམས་གོ་སྒྲིག་ཞུ་རྒྱུ་བཅས་ད་ལྟ་བར་ལས་འཆར་ཁག་དྲུག་ཙམ་སྤེལ་ཏེ་ཡག་ཐག་ཆོད་འགྲོ་བཞིན་ཡོད། གལ་ཆེ་ཤོས་ཚོང་ལས་གཉེར་སྐབས་ཚོང་པ་ཚོར་སྐབས་སུ་བབ་པའི་སྦྱོང་བརྡར་གནང་རྒྱུ་དང་། དེ་དང་ཆབས་ཅིག་ས་གནས་གང་དུ་བཞུགས་ཀྱང་ལུང་པ་དེའི་ཁྲིམས་དང་མཐུན་པའི་ཚོང་བརྒྱབ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དགོས་མཁོ་དེ་དག་གཞི་རྩར་བཞག་སྟེ་བོད་མིའི་ཚོང་པ་གཞོན་སྐྱེས་ཚོར་ཚོང་པ་སྐྱེ་སྲིང་གི་སྔོན་འགྲོའི་སྦྱོང་བརྡར་ཕུལ་ཏེ། སྦྱོང་བརྡར་དང་པོ་དེ་སྔོན་རྩིས་སྔ་མའི་ནང་བོད་མི་བདུན་མཉམ་ཞུགས་བྱས་པ་རེད། འདི་ལོར་སྔོན་རྩིས་སྐབས་སུ་བོད་མི་བཞི་ལ་སྦྱོང་བརྡར་ཕུལ་ཡོད། གང་ལྟར་སྔ་རྗེས་གཉིས་ལ་བོད་མི་བཅུ་གཅིག་ལ་སྦྱོར་བརྡར་ཕུལ་ཐུབ་པ་བྱུང་ཡོད། སྦྱོང་བརྡར་འདིའི་བརྒྱུད་ནས་ཁོང་ཚོར་རྒྱལ་སྤྱིའི་ནང་སྙན་གྲགས་ཡོད་པའི་མཐོ་རིམ་སློབ་གཉེེར་ཁང་གི་ནང་གཏོང་བཞིན་ཡོད།

དེ་བཞིན་མ་དངུལ་རོགས་སྐྱོར་གྱི་ལས་གཞི་ལྟ་བུ་མཚོན་ན། དཔལ་འབྱོར་ལས་ཁུངས་ནས་སྔོན་རྩིས་སྔོན་མའི་སྐབས་བོད་མི་བདུན་ལ་སྒོར་མོ་འབུམ་གཉིས་རེ་མ་དངུལ་གསོལ་རས་གནང་བ་དེ་ཁོང་ཚོས་སོ་སོའི་ཚོང་ལས་དང་འབྲེལ་བའི་ལས་འཆར་གཞིར་བཞག་ཐོག་གཟུ་དཔང་རྣམ་པ་དང་ལྷན་གྲོས་བསྡུར་གཏིང་ཟབ་དང་དཔྱད་ཞིབ་ནན་པོ་བྱས་པའི་ཐོག་ནས་འབུམ་གཉིས་གནང་རྒྱུའི་ཐུགས་གཏན་འཁེལ་གྱི་ཡོད། དེང་སྐབས་སྤྱི་ཚོགས་ནང་དཔལ་འབྱོར་ལས་ཁུངས་ཀྱིས་མ་ངུལ་རོགས་སྐྱོར་གནང་རྒྱུ་གནང་སྟེ་ཤོག་བུའི་ཅེག་འཛིན་ Cheque ཆེན་པོ་དེ་འདྲ་བཟོས་ཏེ་གནང་གི་འདུག་ཀྱང་། དངོས་སུ་དངུལ་བབ་ཀྱི་མེད་སྐོར་སྐད་ཆ་ཁྱབ་ཡོད་ས་རེད། མདོ་དོན་ཡང་སྙིང་ཞུ་རྒྱུར། དངུལ་དེ་ཐོག་མར་གནང་བའི་སྐབས་སུ་དོ་བདག་འཆར་གཞི་འབུལ་མཁན་དང་གཟུ་དཔང་བ་རྣམས་མཉམ་དུ་བསྡད་ནས་མ་དངུལ་རག་པར་དམིགས་ཚད་ཁག་གཅིག་སྒྲིག་བསྒྲུབ་དགོས་པའི་ཆ་རྐྱེན་བཟོས་ཡོད།

ཆ་རྐྱེན་མ་སྒྲུབ་བར་ཐོག་མར་དངུལ་ཐོབ་པ་དེ་ལག་ཏུ་སོན་རྒྱུའི་ཁྱབ་པ་མེད། དེ་གསལ་པོར་ཞུ་འདོད་བྱུང་། སྤྱི་ཚོགས་ནང་ཁྱབ་པའི་སྐད་ཆ་དེ་བདེན་པ་རྩ་བ་ནས་མ་རེད། དེ་མིན་པའི་རྒྱུ་མཚན་ནི།  ཚོང་གི་འཆར་གཞི་ཕུལ་བའི་བོད་མི་བདུན་ལ་འབུམ་གཉིས་ཀྱི་རོགས་སྐྱོར་ཐོབ་པའི་ཁོངས། དཔེར་ན། བོད་མི་ཚོང་ལས་པ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱི་ Tibet I Tech ལ་འབུམ་གཉིས་ནས་འབུམ་གཅིག་དང་ཕྱེད་ཀ་ཐོབ་ཟིན་ཡོད། ཁོང་གི་དམིགས་ཚད་དང་པོ་དང་གཉིས་པ་གང་ཙམ་བསྒྲུབས་ནས་འབུམ་གཅིག་དང་ཕྱེད་ཀ་རག་ནས་ད་ལྟ་ཁྲི་ལྔ་འབུལ་རྒྱུ་ལྷག་བསྡད་ཡོད། དཔལ་འབྱོར་ལས་ཁུངས་ནས་མ་དངུལ་གནང་རྒྱུར་ཐེ་ཚོམ་མེད། སྤྱི་ཚོགས་ནང་སྐད་ཆ་དེ་ཙམ་མང་པོ་ཁྱབ་ཡོད་ཀྱི་མ་རེད། གལ་ཏེ་ཡོད་ན་བདེན་པ་རྩ་བ་ནས་མ་རེད་ཅེས་ཞུ་རྒྱུ་ཡིན།

དེ་རིང་གོ་སྐབས་འདི་བརྒྱུད་མ་དངུལ་འབུམ་གཉིས་རག་མཁན་ཚང་མར་སོ་སོའི་དམིགས་ཚད་བསྒྲུབ་རྒྱུར་ཡིན་གཅིག་ཤུགས་སྐྱོན་རོགས་གནང་། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་ང་ཚོ་འདིར་ཡར་ཐོན་ཚོང་པ་ཁག་ལ་དཔལ་འབྱོར་ལས་ཁུངས་ནས་ལས་གཞི་སྤེལ་བ་འདི་ཐེངས་གཉིས་པ་ཆགས་ཡོད། འདིར་ཕེབས་པའི་ཕྱག་རོགས་དཔལ་འབྱོར་བཀའ་བློན་མཆོག་དང་། དྲུང་ཆེ་རྣམ་པ་གཉིས། གསུང་བཤད་གནང་མཁན་ Satya Kumar ji དེ་བཞིན་ཚོགས་བཅར་བ་ཡོངས་ལ་ངས་བཀའ་ཤག་གི་ཚབ་བྱས་ནས་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གཞི་རྩའི་དཔལ་འབྱོར་བཀའ་བློན་མཆོག་གིས་གསུངས་པ་ལྟར་རེད། ༧གོང་མཆོག་གིས་ལོ་གཉིས་ཀྱི་སྔོན་ལ་ San Francisco ལ་བཀའ་སློབ་གནང་བའི་ནང་ང་ཚོའི་སྤྱི་ ཚོགས་ནང་དུའང་ས་ཡ་ millionaire དང་ཐེར་འབུམ་བདག་པོ་ billionaire དེ་འདྲ་ཐོན་དགོས་ཀྱི་འདུག་ཅེས་བཀའ་སྩལ་ཡོད།   བཀའ་ཤག་སྐབས་ ༡༤ དང་ད་ལྟའི་བཀའ་ཤག་སྐབས་ ༡༥ ཡིན་ནའང་དུས་རྟག་ཏུ་༧གོང་ས་མཆོག་གིས་བཀའ་གནང་བ་དེ་དག་བསྒྲུབ་རྒྱུར་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད།

གཞི་རྩའི་ང་ཚོའི་ཚོང་ལས་ཡར་རྒྱས་ཀྱི་ལས་གཞིའི་སྐོར་བཀའ་མོལ་བྱུང་གི་ཡོད་ཀྱང་༧གོང་ས་མཆོག་གིས་བཀའ་གནང་པ་དང་བསྒྲུབ་དགོས་ཀྱི་འདུག ཅེས་ལས་གཞི་སྤེལ་ནས་ན་ནིང་ལོར་དངོས་སུ་ཚོགས་འདུ་ཚོགས་པ་རེད། མི་མང་ལ་ཡང་ངོ་སྤྲོད་བྱས་པ་རེད། དེ་སྔ་དཔྱད་ཞིབ་བྱས་ཡོང་དུས་དཔལ་འབྱོར་བཀའ་བློན་གཙོས་པའི་ཕྱག་རོགས་བཀའ་བློན་རྣམ་པ་དང་འབྲེལ་ཡོད་ལས་བྱེད་ས་གནས་ཁག་ལ་ཕེབས་དུས་ལམ་སྟོན་མང་པོ་ཞིག་ཕེབས་ཀྱི་ཡོད་རེད། ལམ་སྟོན་གཅིག་པོ་མིན་པར་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་སྐོར་ལ་ཡང་ཟབ་སྦྱོང་མང་པོ་ཞིག་གནང་གི་ཡོད། ཡིན་ན་ཡང་ལམ་སྟོན་ཞིག་གནང་ན་བསམ་བློ་གསར་པ་གཅིག་སླེབས་ཡོང་གི་རེད། དེ་བཞིན་ཟབ་སྦྱོང་ཞིག་གནང་བ་ཡིན་ནའང་རིག་པ་གསར་པ། ཐབས་བྱུས་གསར་པ་ཞིག་སླེབས་སྲིད་ཀྱི་རེད། འོན་ཀྱང་ལམ་སྟོན་དང་ཟབ་སྦྱོང་གནང་བ་གཅིག་པུས་འགྲིག་གི་མི་འདུག དངོས་སུ་ཚོང་པ་ཡིན་ནའང་ཚོང་བརྒྱབ་རྒྱུའི་ལག་ཤེས་དང་ཆ་རྐྱེན་ཚང་མ་བསླབ་དགོས་ཀྱི་འདུག བསླབ་པའི་རྗེས་ལ་ཚོང་གི་འཆར་གཞི་ཡོད་པ་བཟོ་དགོས་ཀྱི་འདུག ཚོང་གི་འཆར་གཞི་ཡོད་པའི་རྗེས་ལ་འཆར་གཞི་རྣམས་འགྲན་བསྡུར་དང་མཁས་པ་རྣམས་གདན་འདྲན་ཞུས་ཏེ་དོ་བདག་སོ་སོའི་ཚོང་གི་འཆར་གཞི་ལ་ལམ་སྟོན་དངོས་སུ་གནང་ཐུབ་ན་ཚོང་པ་ཐོན་ཡོང་གི་རེད། ཚོང་འཆར་གཞི་ཡོད་པ་དང་ལམ་སྟོན་གནང་མཁན་ཡོད་པ་ཁོ་ནས་འགྲིག་གི་མི་འདུག ཚོང་གི་འཆར་གཞི་ཡོད་ན་མ་རྩ་དགོས་རེད། མ་རྩ་མེད་ན་ཚོང་རྒྱག་རྒྱུ་མེད།

ད་ཐེངས་ཀྱི་ལས་གཞི་འདི་གཞན་དང་མི་འདྲ་བར་ནམ་རྒྱུན་ཡིན་ན་བཀའ་བློན་རྣམ་པ་ཕེབས་ནས་ལམ་སྟོན་དང་། མཚམས་རེ་ཟབ་སྦྱོང་གནང་གི་ཡོད་པ་རེད། ཟབ་སྦྱོང་ཐོག་དོ་བདག་སོ་སོའི་འཆར་གཞིའི་ཐོག་ལ་ལམ་སྟོན་དངོས་སུ་གནང་རྒྱུ་དང་། འཆར་གཞི་ཚང་མ་བྱུང་པའི་རྗེས་ལ་མ་རྩ་གནང་ནས་འདི་འཆར་གཞི་ཆ་ཚང་བ་ཞིག་རེད། ན་ནིང་ང་ཚོ་འཆར་གཞི་ཡོད་མཁན་གྱི་ཚོང་པ་རྣམས་ལ་དངུལ་དང་ཅེག་cheque གནང་ནས་ད་ཐེངས་ཕྱི་ཟླ་ ༩ ནང་ཅེག་ cheque དངུལ་འཛིན་ ཞིག་གནང་གི་རེེད། དེ་ལེན་ཐུབ་པར་སོ་སོས་ཁས་ལེན་པའི་ཆ་རྐྱེན་ཞིག་ཡོད། སོ་སོའི་ཁས་ལེན་པའི་འཆར་གཞི་གཞིར་བཟུང་ཕེབས་པ་ཡིན་ན། དངུལ་ཡང་འཕྲལ་དུ་ཡོང་གི་ཡོད། རྣམ་པ་ཚོ་ཚང་མ་ཚོང་རྒྱག་མཁན་ཡིན་སྟབས། ཚོང་ནི་དངུལ་ལ་རག་ལས་ཡོད། བོད་པའི་ཚོང་པ་ཚོར་དཔལ་འབྱོར་འགྲོ་སྟངས་ཀྱི་བསམ་བློ་དང་སློབ་གསོ་མི་འདུག དེར་བརྟེན་ང་ཚོས་མཁས་པ་གདན་འདྲེན་ཞུས་ཏེ་ཉིན་གྲངས་གསུམ་རིང་ཟབ་སྦྱོང་གོ་སྒྲིག་དང་། ཚོང་པ་མཉམ་དུ་བསམ་ཚུལ་བརྗེ་ལེན་གནང་དགོས་དོན་ནི། རྣམ་པ་ཚོར་ཚོང་བརྒྱག་ཆེད་དཔལ་འབྱོར་འགྲོ་ལུགས་འགྲོ་སྟངས་ཀྱི་གནས་ཚུལ་གང་མང་རྟོགས་ཏེ་སློབ་གསོ་ལེན་ཐུབ་ན་རྣམ་པ་ཚོས་ཚོང་གང་འདྲ་ཞིག་རྒྱག་པ་ཡིན་ནའང་། ཚོང་འདི་ལས་ལྷག་བརྒྱབ་ཐུབ་རྒྱུ་ཞིག་རེད།

རྣམ་པ་ཚོ་ཚང་མ་ཚོང་སྐྱོན་མཁན་རེད། རྣམ་པ་ཚོའི་ནང་ནས་མང་ཆེ་བ་ལོ་གཞོན་པ་རེད་འདུག ཧ་ཅང་ཡག་པོ་རེད། གྲངས་ཀའི་ཐོག་ནས་བུད་མེད་ཉུང་བ་འདུག བོད་པའི་སྤྱི་ཚོགས་ནང་བུད་མེད་ཚོང་རྒྱག་མཁན་བརྒྱ་ཆ་ ༡༡ ནས་ ༡༥  ལས་མི་འདུག བརྒྱ་ཆ་༨༠ ལྷག་སྐྱེས་པ་རེད་འདུག དེར་བརྟེན་བུད་མེད་ནུས་སྟོབས་སྤེལ་རྒྱུ་དང་སྦྲགས་བུད་མེད་ཚོང་པ་མང་ཙམ་ཐོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེའི་ཐོག་ང་ཚོའི་ངོས་ནས་གང་བྱེད་རྒྱུ་འདུག འདི་ང་ཚོས་འབད་བརྩོན་ཞུ་རྒྱུ་ཡིན། ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་འདི་ལྟར་ཆགས་ཡོད་སྟབས། འདི་ཡར་རྒྱས་གཏང་དགོས་པ་ཞིག་ཆགས་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།