བཀའ་ཤག་གིས་དུས་དབང་སྐོར་ལ་གསལ་བསྒྲགས་བསྐྱངས་སོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༢༥ཉིན་སྤེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ངོས་ནས་དུས་དབང་སྐོར་ལ་གྲ་སྒྲིག་ཅི་བྱས་ཀྱི་ལས་གནས་གལ་ཆེན་ཁ་ཤས་གསལ་བཤད་གནང་སོང༌།

altདེ་རིང་ཉིན་རྒྱབ་ཆུ་ཚོད་༢པའི་ཐོག  བཞུགས་སྒར་དུ་གནས་པའི་བཙན་བྱོལ་གཞུང་གི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ།  བཀའ་ཤག་གི་ངོས་ནས་༢༠༡༧ལོའི་དུས་འཁོར་དབང་ཆེན་སྐོར་ལ་གསལ་འགོད་གསལ་བསྒྲགས་ཤིག་བསྐྱངས་གནང་སོང་།

དེ་ཡང་ཆོས་རིག་བཀའ་བློན་མཆོག་གིས་གསུངས་དོན། གནད་དོན་ཁ་ཤས་ཤིག་ཞུ་རྒྱུ་ཡོད། ༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་༣༤ནི་རྒྱ་གར་རྡོ་རྗེ་གདན་དུ་བསྐྱང་རྒྱུར་གསོལ་འདེབས་ཞུ་མཁན་དང་། གོ་སྒྲིག་བྱེད་སྟངས། སྦྱིན་བདག་བཅས་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཡིན། དེ་བཞིན་དུས་འཁོར་དབང་ཆེན་གྱི་ཡོན་བདག་སྐོར་ནས་ཞུ་ཆོག་པར་གསོལ་འདེབས་ཞུ་མཁན་མང་པོ་ཡོད་པས་ན།  དེ་ནི་གཞིས་བྱེས་མགོ་ལོག་ཨ་སྐྱོང་ཁང་སར་སྡེ་བའི་སེར་སྐྱ་མཐུན་མོང་གཙོས་བཙན་བྱོལ་གྱི་མི་ཚང་༢༠བཅས་ནི་ད་རེས་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ཡིན་པ་དང་། ཚེས་གྲངས་ནི་༢༠༡༧ཟླ་༡ཚེས་༣ནས་ཚེས་༡༤བར་གཏན་འཁེལ་ཡོད།

བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་གི་ཡོད་དུས། བཀའ་ཤག་གིས་སྐོ་བཞག་གནང་བའི་གོ་སྒྲིག་ཚོགས་ཆུང་ཞིག་ཡོད། དེའི་ནང་དུ་བཀའ་བློན་གསུམ་ཡོད་ལ། ཆོས་རིག་བཀའ་བློན་གྱིས་ཚོགས་གཙོའི་འགན་འཁུར་བ། གཞན་འཕྲོད་བསྟེན་དང་བདེ་སྲུང་བཀའ་བློན། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་བཅས་ཀྱིས་ཚོགས་གཞོན་གྱི་འགན་བཞེས་ཀྱི་ཡོད་པ་རེད།

གོ་སྒྲིག་ལས་དོན་ནི་༢༠༡༦ཟླ་༥ནས་བཟུང་ད་ལྟ་བར་དུ་མུ་མཐུད་འགྲོ་བཞིན་པ་དང་། དེའི་བར་ལོག་དེར་བཀའ་སྤྱི་ལ་འགྱུར་ལྡོག་ཅིག་བྱུང་ཡོད་ཀྱང་མུ་མཐུད་དུ་འགྲོ་བསྡད་ཡོད། ལས་དོན་གྱི་ངོ་བོ་ནི། གལ་ཆེ་ཤོས་དེ་རྒྱ་གར་གྱི་ས་གནས་མངའ་སྡེ་ཡི་རྫོང་དང་ཡུལ་འཚོ་མཉམ་དུ་འབྲེལ་བ་བྱས་ཏེ། གནས་ཆེན་པོ་སྲུང་སྐྱོབས་དང་བདེ་འཇགས། ཀུན་འདུས་ཀྱི་སྐུ་ཕྱྭའི་སྲུང་སྐྱོབས་སོགས་མང་པོ་ཞིག་རྒྱ་གར་དབུས་ས་གཉིས་ལ་སྐྱབས་འཇུག་ནམ་རྒྱུན་ཞུ་ཡི་ཡོད་པ་རེད། ལྷག་པར་དུ་དྲག་སྤྱོད་པ་ལས་འགུལ་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོང་གི་ཡོད་པ་བཞིན། ད་རེས་དུས་འཁོར་དབང་ཆེན་ལ་མི་རིགས་འདྲ་མིན་མང་པོ་ཞིག་ཕེབས་ཀྱི་ཡོད་པས་ན། བདེ་སྲུང་བཀའ་བློན་གཙོས་རྒྱ་གར་གཞུང་གི་བདེ་སྲུང་སོགས་ཀྱིས་སྔར་ལས་ལྷག་པའི་གཟབ་ནན་བྱེད་པའི་གྲ་སྒྲིག་ཡོད།

ཆོས་ཞུ་བའི་མི་མང་ལ་མཐུན་རྐྱེན་ཞུ་རྒྱུ་ནི། དུས་འཁོར་དབང་ཆེན་སྐབས་སུ། མིང་མང་གི་འདུག་ས་དང་གཙང་སྤྱོད་དང་བཅས་པ་བཀོད་སྒྲིག་བྱེད་པའི་ལུགས་སྲོལ་ནི་སྔོན་མ་ནས་ཡོད་པ་རེད་དམ་ལྟ་བུ་སོགས་ཀྱི་དྲི་བ་འབྱུང་གི་འདུག་མོད། སྙིང་བསྡུས་བྱས་ན། ༧གོང་ས་མཆོག་གིས་གསུང་ཆོས་ག་དུས་གནང་བ་ཡིན་ནའང་། ཐུགས་ཀྱིས་མར་ཆོས་ཞུ་མཁན་ཚོར་དཀལ་ངལ་ག་རེ་ཡོད་མེད། བསྡད་ས་དང་འཕྲོད་བསྟེན་ག་འདྲ་ཡོད་མེད་སོགས་ཀྱི་སྐོར་ལ་བཀའ་ཕེབས་ནས་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད། བྱས་ཙང་། ང་ཚོས་བླ་མ་ལ་ཞབས་ཞུ་ཡང་དག་ཅིག་ཞུ་དགོས་ན། ཁོང་གི་བཀའ་སློབ་ལམ་སྟོན་བརྩི་རྒྱུ་གལ་ཆེན་པོ་རེད།  ང་ཚོའི་ངོས་ནས་ཡང་། བསྡད་ས་དང་ཆུ། གློག གསང་སྤྱོད་དང་བཅས་པ་གྲ་སྒྲིག་ཨང་གསར་བྱས་ཡོད།

བཀའ་ཤག་གི་ལས་ཁུངས་སོ་སོའི་ངོས་ནས་ད་ཕྲུག་དང་དཔལ་འབྱོར་དཀའ་ངལ་ཡོད་མཁན་རིགས་དང་། དཔེར་ན་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཡིན་ན། འཚམ་སྙན་སྒྲིབ་བྱེད་མཁན་གྱི་གྲྭ་བཙུན་སྔག་གསུམ་སོགས་ཐོ་འགོད་བྱས་ཏེ། གཞུང་ཞབས་ནས་གྲ་སྒྲིག་བྱེད་ཀྱི་ཡོད་ལ། ༧གོང་ས་མཆོག་གི་ངོས་ནས་དཔེ་མི་སྲིད་པའི་ཡག་པོ་ཡིན་པར་ཐུགས་རྒྱས་འཚོར་ཆེན་པོ་གནང་སོང་།

སྤྱིར་བཏང་གཞོན་ནུ་ལྷན་ཚོགས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཞབས་ཞུ་ཞུ་མཁན་ཡོད་པ་རེད་མོད། ད་རེས་གོ་སྒྲིག་ཚོགས་ཆུང་རང་གི་ངོས་ནས་ཞབས་ཞུ་བའི་གོ་སྒྲིག་གནང་གོ་རིམ་བཞིན་གནང་ཡོད་ཅེས་བརྗོད་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།