ངོས་ཀྱིས་འབུལ་བ་ཁྱོན་ནས་ལེན་གྱི་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༢༤ཉིན་སྤེལ། ང་ཚོ་གྲྭ་པ་དང་བླ་མས་བཤུ་གཞོག་བཏང་གི་ཡོད་པ་ནི་ཁྱེད་རང་ཚོས་རི་མོ་བྲིས་ཡོད་པ་དེ་བདེན་པ་རེད། ཁྱེད་རང་ཚེར་དགོས་མ་རེད་ཅེས་བརྗོད་པ་ཡིན།

altའདི་ཟླའི་ཕྱི་ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་གྲུབ་བསྟུན་བཀའ་སློབ་སྩལ་དོན།

"ཁ་སང་ཁ་ཉིན་ནང་ཆོས་ངོ་སྤྲོད་དང་འབྲེལ་གཙོ་བོ་སེམས་བཟང་པོ་དང་དྲང་པོ་བྱེད་དགོས། མིས་མི་ལ་རོགས་བྱེད་པ་མ་གཏོགས་སེམས་གནག་མི་བྱེད་རྒྱུ་ནི་ཆོས་ཀྱི་སྙིང་པོ་རེད། མིས་མི་ལ་འཚེ་བ་བྱེད་རྒྱུ་མེད་པ་ཙམ་མ་ཟད། བྱ་དང་རི་དྭགས། སྦྲང་མ་ཚུན་ཆད་ལ་འཚེ་བ་བྱེད་རྒྱུ་མེད། དེ་དང་ཆབས་ཅིག་དེང་སང་འཛམ་གླིང་གི་ཚ་དྲོད་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་ཁོར་ཡུག་འདི་ཧ་ཅང་གལ་ཆེན་པོ་རེད། ཆུ་ཕྲན་ཕྲན་བུ་ཡོད་པའི་དུས་ཡུན་རིང་ཤིང་སྣ་གང་མང་འདེབས་ཐབས་དང་ལྟ་རྟོག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སེང་འདི་གའི་ཁོར་ཡུག་ཐོག་ལས་ཀ་བྱེད་མཁན་ཨ་ཅག་ལགས་ཤིག་གིས་ངོས་ལ་འདི་ལབ་རོགས་ཞེས་བརྗོད་པར་ངོས་ཀྱིས་དེ་ལྟར་ལབ་ཆོག ཅེས་ཟེར་བ་ཡིན། དེར་བརྟེན་ཤིང་སྣ་གང་མང་འདེབས་འཛུགས་བྱེད་དགོས། ལྷོ་རྒྱུད་དེ་ཚོའི་གྲས་ལ་གང་ཐུབ་ཞིང་ས་བཟོས་ཏེ་ཚལ་ཞིང་འདེབས་ཐུབ་ན་ཡག་པོ་ཡོད།

མ་གཞི་སྔོན་མ་ནས་ངོས་ཀྱིས་ལབ་པ་ཡིན། ཐེངས་གཅིག་ངོས་རང་ཐད་འཕུར་གནམ་གྲུའི་ནང་འགྲོ་སྐབས་ཀར་གྷིལ་ཁུལ་དུ་ཞིང་ས་ཆུ་ཡུར་བྲུས་ནས་རི་ལྡམ་མེ་ལྡེམ་མེ་དེ་ཚོའི་ཐོག་ཞིང་ཁ་མང་པོ་བཏབ་འདུག དེ་བཞིན་ཁྱེད་རང་ཚོས་རི་ཁུག་ས་སྟོང་ཡོད་སར་ཞིང་ས་བཟོ་ཐུབ་ན་ཡག་པོ་ཡོད། ཤིང་སྐྱེ་རྒྱུ་ཡོད་སྟབས་གང་ཐུབ་ཤིང་སྣ་མང་ཙམ་འདེབས་འཛུགས་བྱེད་དགོས།

དེ་དང་ཆབས་ཅིག་ང་ཚོའི་སྤྱི་ཚོགས་ནང་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ནའང་དབུ་མ་རིན་ཆེན་ཕྲེང་བའི་ནང་། མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་གསུངས་པ་རེད། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཐོག་ཆང་མི་འཐུང་བ་དང་། འཚེ་བ་མི་བྱེད་པ། ལོག་འཚོ་མི་བྱེད་པ། དམན་པར་བྱམས་སྐྱོང་གི་སྒོ་ནས་ལྟ་སྐྱོང་། ཆོས་འཆད་པ་སོགས་གསུངས་ཡོད། མངོན་མཐོ་སྒྲུབ་རྒྱུའི་ཆ་རྐྱེན་ནང་ཆང་མི་འཐུང་བ་དེ་གསུང་གི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆང་ལ་ཉེས་པ་ཆེན་པོ་གསུང་གི་ཡོད། གང་ལ་ཞེ་ན། ཆང་གིས་ར་བཟི་ནས་ཉེས་སྤྱོད་མང་པོ་བྱེད་རྒྱུའི་ཉེན་ཁ་ཡོད། དེང་སང་འཕྲོད་བསྟེན་གྱི་ཆ་ནས་བཤད་ནའང་ཆང་དང་ལྷག་པར་ཨ་རག་རིགས་ཀྱིས་མཆིན་པར་སྐྱོན་བཟོ་རྒྱུ་སོགས་གནོད་པ་ཆེན་པོ་ཡོད། དེར་བརྟེན་ཁྱེད་རང་ཚོས་གང་ཐུབ་ཆང་རག་དེ་ཉེས་དམིགས་སུ་བལྟས་ནས་གང་ཐུབ་སྤང་དགོས་རྒྱུ་གལ་ཆེན་པོ་རེད།

ཆོས་ཀྱི་བྱིན་རླབས་ཟེར་རྒྱུ་དེ་ཉམས་ལེན་བྱས་ནས་བྱིན་རླབས་ཡོང་གི་རེད་མ་གཏོགས། སོ་སོས་ཉམས་ལེན་མ་བྱས་ན་བྱིན་རླབས་ཡོང་རྒྱུ་མེད། འདི་ངོས་ཀྱི་ཉམས་མྱོང་ཐོག་ནས་བཤད་ཐུབ་ཀྱི་རེད། སོ་སོས་ཉམས་ལེན་བྱས་ནས་གང་ཐུབ་ལག་ལེན་བྱས་དུས་རིམ་པས་བློར་འགྱུར་བ་ཐེབས་ཏེ། སེམས་ཀྱི་ཞི་བདེ་དང་། ལུས་ཀྱི་བདེ་ཐང་། ཚེ་རིང་པོ་ཚང་མ་ཡོང་གི་ཡོད། དེར་བརྟེན་སོ་སོས་ཆོས་ཉམས་ལེན་མ་བྱས་པར་བྱིན་རླབས་ཕྱི་ལོག་ནས་ཡོང་གི་རེད་བསམས་ནས་བྱིན་རླབས་དང་བྱིན་རླབས་ཞེས་ལབ་བསྡད་ན་ནོར་འཁྲུལ་རེད། བཅོམ་ལྡན་འདས་ཀྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་སྟེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། ཅེས་ཆོས་ཉིད་བདེན་པ་སྟོན་རྒྱུ་དེ་ཡང་ང་ཚོས་ཉམས་ལེན་བྱེད་རྒྱུའི་དོན་དུ་གསུང་གི་ཡོད། བཅོམ་ལྡན་འདས་ཀྱིས་རྒྱུ་འབྲས་ཀྱི་རྟེན་འབྱུང་དང་། རྟེན་ནས་བཏགས་པའི་རྟེན་འབྱུང་སོགས་ཆོས་བསྟན་པ་དེར་སློབ་སྦྱོང་བྱས་ནས་ཤེས་པར་བྱས་ཏེ་ཡང་ཡང་བསམ་བློ་བཏང་ནས་ཡིད་ཆེས་རྙེད་པའི་ཐོག་ནས་ལག་ལེན་ལ་སྐྱེལ་ན་བྱིན་རླབས་ཡོང་རྒྱུ་རེད།

ངོས་ལ་ཤོད་རྒྱུ་གཅིག་ཡོད། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུང་ནང་ཁོང་གིས་དམ་བཅའ་གསུམ་བཞག་ཡོད། ཤ་མི་ཟ་བ་དང་། ཆོས་བཤད་ནས་འབུལ་བ་མི་ལེན་རྒྱུ། སེམས་ཅན་གྱི་བཞོན་པ་མི་ཞོན་རྒྱུ། ཞེས་དམ་བཅའ་གསུམ་བཞག་ཡོད་ཁོངས་ནས། ངོས་རང་མོ་ཊའི་ནང་འགྲོ་གི་ཡོད་སྟབས་བཞོན་པ་མི་ཞོན་རྒྱུ་དེ་འབྲེལ་བ་མི་འདུག ཤ་མི་ཟ་བ་དེ་སྤྱི་ཚོགས་ནང་གང་ཐུབ་དཀར་ཟས་ལ་དང་འདོད་བྱེད་རྒྱུ་དང་དམར་ཟས་ཉུང་ཙམ་བྱེད་རྒྱུ་དུས་རྟག་ཏུ་འབོད་སྐུལ་བྱེད་བཞིན་ཡོད། རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཀྱི་དགོན་པ་ཆེ་ཁག་དེ་དག་གིས་ཚོགས་ཆེན་གྱི་ཐབ་ཚང་ནས་དཀར་སྐྱོང་མ་གཏོགས་དམར་ཟས་ཁྱོན་ནས་གཏང་གི་མེད། དེ་ནས་ངོས་ཀྱིས་ཐུབ་པ་ཟེར་ན་མི་འདུག ངོས་དང་འབྲེལ་བ་ཡོད་པ་དེ་ཆོས་འབྲེལ་ནམ་བྱེད་སྐབས་འབུལ་བ་ལེན་གྱི་མེད། ངོས་ཀྱིས་ཕར་ཆོས་བཤད་ནས་ཚུར་འབུལ་བ་ལེན་ན་ཚོང་བརྒྱབ་པ་དང་གཅིག་པ་རེད། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་ཆོས་ཀྱི་ཚོང་བརྒྱབ་རྒྱུ་ཡག་པོ་ཁྱོན་ནས་མི་འདུག་ཅེས་གསུངས་འདུག ལོ་ཤས་ཤིག་ནས་ཕྱི་རྒྱལ་ཁག་ཏུ་ངོས་ཀྱིས་སྐད་ཆ་བཤད་སྐབས་ཕྱག་ཁྱེར་བཙོང་བ་དེ་ནས་སྒོར་ཏོག་གཅིག་ཀྱང་ལེན་གྱི་མེད།

ང་ཚོས་བླ་མའི་མིང་འཁྱེར་ནས་ཆོས་བཤད་རྗེས་འབུལ་བ་ལེན་རྒྱུ་དེ་ཆུ་བཟང་རིན་པོ་ཆེས། དབང་བསྐུར་ཆོས་བཤད་བྱེད་དུས། །རྣམ་དཔྱོད་འདྲ་ཞིང་འདུག་སྟེ། །འབུལ་བ་ཨང་ཉན་བྱེད་དུས། །སེམས་པ་གཏིང་ནས་སྐྱོ་བྱུང་། ཞེས་འདི་ལྟར་གསུངས་ཡོད། ཆོས་བཤད་རྗེས་འབུལ་བར་ལྟོགས་སླ་བརྒྱབ་རྒྱུ་སེམས་པ་གཏིང་ནས་སྐྱོ་རྒྱུ་ཞིག་རེད་འདུག ཅེས་གསུངས་ཡོད། དེར་བརྟེན་ངོས་ཀྱིས་འབུལ་བ་ཁྱོན་ནས་ལེན་གྱི་མེད། ཁྱེད་རང་ཚོས་འབུལ་བ་འཁྱེར་ཡོད་པ་དེ་དག་ཁྱེད་རང་ཚོར་ཁ་ཐུག་སློག་ས་ཡོད་ན་བསློག་རྒྱུ་དང་། སློག་ས་མེད་ན་འདི་གའི་སྤྱི་ཚོགས་ལ་ཕན་པ་བྱེད་རྒྱུ་ཡོད་ན་དེར་གཏོང་རྒྱུ་བྱེད་ཀྱི་ཡོད། སྔ་མོ་ཕྱི་ལོ་ ༡༩༧༩ ལོར་ངོས་རང་མོ་སི་ཁོ་བརྒྱུད་སོག་ཡུལ་ལ་སླེབས་པ་རེད། སོག་ཡུལ་གྱི་འགྲེམས་སྟོན་ཞིག་གི་ནང་གྲྭ་ཆས་གྱོན་པའི་གྲྭ་པ་གཅིག་གིས་ཁ་ཆེན་པོ་གདང་སྟེ་གྲྭ་པ་དེའི་ཁའི་ནང་མི་མང་འགྲོ་བསྡད་པའི་རི་མོ་ཞིག་འདུག  གྲྭ་པས་བཤུ་གཞོག་བཏང་གི་འདུག་ཟེར་རྒྱུ་དེ་རེད། ངོས་རང་དེའི་ཁ་ཐུག་སླེབ་སྐབས་ཕྲན་བུ་ཚེར་སྣང་བྱས་སོང་། ངོས་ཀྱིས་ཁོང་ལ་ཁྱེད་རང་ཚེར་སྣང་མི་དགོས།  འདི་བདེན་པ་རེད་ཅེས་བརྗོད་པ་ཡིན། ང་ཚོ་གྲྭ་པ་དང་བླ་མས་བཤུ་གཞོག་བཏང་གི་ཡོད་པ་ནི་ཁྱེད་རང་ཚོས་རི་མོ་བྲིས་ཡོད་པ་དེ་བདེན་པ་རེད། ཁྱེད་རང་ཚེར་དགོས་མ་རེད་ཅེས་བརྗོད་པ་ཡིན། ཞེས་བཀའ་སློབ་སྩལ་གནང་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།