གསར་འགོད་རང་དབང་ཚོཌ་པའི་ཚོཌ་ཆུང་ཕྱི་དྲིལ་ལས་ཁུངས་སུ་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༨ཚེས་༢༢ཉིན་སྤེལ། རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་ཆུང་ཞིག་བཞུགས་སྒར་དུ་གཟིགས་སྐོར་ལ་ཕེབས་ཏེ་འདི་ཟླའི་ཚེས་༡༦ནས་ཉིན་གསུམ་རིང་བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་ཁག་དང་ལྷན་མཇལ་མོལ་གྱིས་ཕན་ཚུན་དབར་ངོ་སྤྲོད་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་རྒྱུས་ལོན་གནང་ཡོད་པ་རེད།

RSF-TPI-2016-16-08ཚེས་༡༦ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ཐོག་ཁོང་རྣམ་གཉིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་སུ་གཟིགས་སྐོར་གནང་རྗེས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ལྷན་དུ་མཇལ་འཕྲད་ཞུས་ཡོད་པ་རེད། ཕྱི་འབྲེལ་དྲུང་ཆེ་མཆོག་གིས་བོད་རྒྱའི་དབར་གྱི་དཀའ་རྙོག་དང༌། རང་ལུས་མེར་བསྲེགས་ཀྱི་མཚོན་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས། དེ་བཞིན་ཕྱི་ལོ་བདུན་བཅུ་དོན་གྲངས་ནས་ད་བར་བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་སྐོར་ངོ་སྤྲོད་མདོར་བསྡུས་དང༌། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྐོར་ངོ་སྤྲོད། ལྷག་པར་དུ་བོད་ནང་གི་གསར་འགོད་རང་དབང་གི་གནས་སྟངས་སྐོར་ངོ་སྤྲོད་གནང་སོང༌།

དེ་བཞིན་ཁོང་རྣམ་པ་གཉིས་ནས་ཀྱང་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོ་བོ་དང་ལས་འགུལ་གང་འདྲ་གནང་གི་ཡོད་མེད་སོགས་ཕྱི་འབྲེལ་དྲུང་ཆེ་མཆོག་ལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་༢༠༠༨ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྐབས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་བདེན་པའི་གནས་ཚུལ་མང་དག་ཅིག་རྒྱལ་སྤྱིའི་ཐོག་སྤེལ་བའི་རྐྱེན་གྱིས་མཐུན་ཚོགས་དེའི་ཚོགས་མི་རྣམས་བོད་ནང་དང་རྒྱ་ནག་ནང་ལ་བསྐྱོད་མི་ཆོག་པའི་བཀག་འགོག་བྱས་ཡོད།

ཁོང་རྣམ་པ་གཉིས་ནས་དྲུང་ཆེ་མཆོག་ལ་གཞིས་བྱེས་གཉིས་ཕན་ཚུན་གྱི་གནས་ཚུལ་ཇི་ལྟར་བྱས་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་མེད་སོགས་བཀའ་འདྲི་ཞུ་གནང་ཡོད་ཅིང༌། དྲུང་ཆེ་མཆོག་ནས་ཁོང་གཉིས་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་དང་འབྲེལ་མང་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་པའི་སྐོར་འགྲེལ་བཤད་བསྐྱོན་གནང་ཡོད་པ་མ་ཟད། ཁོང་རྣམ་པ་གཉིས་ཀྱིས་གང་ཅིའི་ཐོག་འདྲི་བ་ཞུས་པར་བཀའ་ལན་བཅས་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་གནང་ཡོད་པ་རེད།

ལྷག་པར་དུ་ཁོང་རྣམ་པ་གཉིས་ནས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་མཐུན་ཚོགས་དེའི་དགོས་དམིགས་གཞིར་བཟུང་རྒྱལ་སྤྱིའི་ཐོག་གསར་འགོད་རང་དབང་གི་ཐད་ལས་དོན་གནང་ཕྱོགས་སྐོར་དང༌། འབྱུང་འགྱུར་བོད་དང་རྒྱ་ནག་ནང་དུ་གསར་འགོད་རང་དབང་ཡག་ཏུ་ཡོང་ཐབས་སུ་ཐབས་ལམ་དང་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་སོགས་ཀྱི་ཐོག་བསམ་ཚུལ་བརྗེ་རེས་གནང་སོང༌།

ཐེངས་འདིའི་བཞུགས་སྒར་དུ་གཟིགས་སྐོར་སྐབས་ཁོང་རྣམ་པ་གཉིས་ནས་བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་རང་དབང་ཅན་གྱི་གསར་འགྱུར་ལས་ཁུངས་ཁག་གིས་མཚོན་པའི་ཚོགས་པ་འད།་མིན་༢༠ཙམ་གྱི་ངོ་ཚབ་རྣམ་པ་དང་ལྷན་མཇལ་མོལ་གྱིས་ཕན་ཚུན་ངོ་སྤྲོད་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་རྒྱུས་ལོན་གནང་ཡོད་པ་རེད།

ཧྥི་རན་སིའི་རྒྱལ་ས་པེ་རེ་སིར་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ནི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གསར་འགོད་རང་དབང་ཐད་རྟོག་ཞིབ་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང༌། ལོ་ལྟར་རྒྱལ་སྤྱིའི་གསར་འགོད་དབང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་བཞིན་ཡོད་པ་དང༌། འཛམ་གླིང་གང་ས་ནས་ཚོགས་མི་གསར་འགོད་པ་༡༥༠་དང་ཡན་ལག་ཚོགས་པ་མང་པོ་ཡོད་པའི་ཚོགས་པ་ཞིག་ཡིན་པ་རེད།

ཚོགས་པ་དེ་གསར་འཛུགས་ཞུས་པ་ནས་ད་བར་སྔ་ཕྱི་བར་གསུམ་དུ་བཏོན་པའི་ཚོགས་པ་དེའི་སྙན་ཐོ་ཁག་གི་ནང་བོད་ནང་གི་གསར་འགོད་རང་དབང་སྐོར་གསལ་ཡོད་པ་དང་རྒྱ་ནག་གཞུང་གིས་བོད་མིའི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་མུ་མཐུད་ནས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། བོད་ནང་ནས་ལུས་སྲོག་བློས་གཏོང་གིས་གསར་འགྱུར་མཁོ་སྤྲོད་གནང་མཁན་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱེད་སྐབས་སྐྱོན་བརྗོད་ཀྱི་སྙན་ཐོ་འདོན་གྱི་ཡོད་པ་རེད།

མཐུན་ཚོགས་དེའི་དྲ་རྒྱའི་ཉེན་སྲུང་དང་གློག་ཀླད་བདེ་འཇགས་སོགས་ཀྱི་ཐོག་ཁྱད་ལས་པ་སྐུ་ཞབས་ཇན་མག་(Jean Marc)ལགས་ཀྱང་ཁོང་གཉིས་དང་ལྷན་དུ་ཆེད་ཕེབས་གནང་ཡོད་པ་དང་ཁོང་གིས་འདི་ག་གསར་ཁང་གི་དྲ་རྒྱ་ཁག་ལ་རྟོག་ཞིབ་དང༌། དྲ་རྒྱ་དང་གློག་ཀླད་ཉེན་སྲུང་ཇི་ལྟར་དགོས་མིན་སོགས་ཀྱི་སྐོར་སློབ་སྟོན་གནང་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།