བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱ་གར་གྱི་རང་བཙན་ཉི་མོར་སྲུང་བརྩི་ཞུས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༡༥ཉིན་སྤེལ།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཀའ་ཤག་གསར་པའི་མདུན་ཐང་དུ་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་༧༠འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་གནང་སོང་།

དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་༩།༠༠པའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་མདུན་ཐང་དུ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་པས། བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་འཕར་གྱི་སྲི་ཞུ་བ། ས་གནས་རྒྱ་གར་གྱི་གསར་འགོད་པ། བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག སྲིད་ཚབ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང་ལྷན་དུ་རྒྱང་བསྒྲགས་ནང་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར་ཏེ་རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་ལ་སྲུང་བརྩི་ཞུས་གནང་སོང་།alt

གསར་འགོད་པས་སྲིད་ཚབ་མཆོག་ལ་དེ་རིང་གི་ཉིན་མོ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་གསུང་དོན། དེ་རིང་རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་༧༠འཁོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཆགས་ཡོད། ངས་དུས་ཆེན་ཁྱད་པར་ཅན་སྐབས་འདིར་བོད་མིའི་སྒྲིག་འཛུགས་སྤྱི་དང་འཛིན་སྐྱོང་བཀའ་ཤག དེ་བཞིན་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་གཞུང་མང་བཅས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་དང་ཆབས་ཅིག་རྒྱ་གར་དབུས་གཞུང་དང་། རྒྱ་གར་རྒྱལ་ཡོངས་མི་མང་། ཕྱོགས་མཚུངས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱིས་གཙོས་བོད་དོན་ཐོག་འདས་པའི་ལོ་༦༠ནང་ཧ་ཅང་བཀའ་དྲིན་ཆེ་བའི་མངའ་སྡེ་ཁག་ལའང་དེ་རིང་གོ་སྐབས་འདི་བརྒྱུད། ངས་ཚང་མར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་རྒྱལ་ཁམས་ཆེན་པོ་འདི་འབྱུང་འགྱུར་ལོ་གཅིག་ནང་གང་ས་ཅི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པ་དང་། ཆར་ཆུ་དུས་སུ་བབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། མང་ཚོགས་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཅིང་། སྲིད་གཞུང་མངའ་ཐང་ལྡན་པ་ཞིག་ཡོང་བར་བོད་མི་ཚོས་ངོས་ནས་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།