ངྷ་ས་ནས་མར་མེ་ཁྲོམས་སྐོར་བྱས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༡༡ཉིན་སྤེལ།  གཞུང་འབྲེལ་མིན་པའི་ཚོགས་ཁག་གཉིས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་བཞིན་པར་ངོ་རྒོལ་དང་དགོན་པའི་འདུས་མང་ལ་གདུང་སེམས་མཉམ་སྐྱེད།  བཙུན་མ་རིག་འཛིན་སྒྲོལ་མ་ལགས་ལ་མྱ་ངན་དང་ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་རྒྱབ་སྐྱོར་ཆེད་མི་མང་འདུ་འཛོམས་ཀྱིས་མར་མེའི་ཁྲོམ་སྐོར་བྱས་སོང་།།

altཁ་སང་དགོང་དྲོའི་ཚོུད་༦།༠༠ཐོག ངྷ་སའི་བཞུགས་སྒར་གྱི་ཁྲོམ་ལམ་དུ། གཞུང་འབྲེལ་མིན་པའི་ཚོགས་ཁག་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ངྷ་ས་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག གསེར་རྟ་བླ་རུང་སྒར་གཏོར་བཞིན་པར་ངོ་རྒོལ་དང་དགོན་པའི་འདུས་མང་ལ་གདུང་སེམས་མཉམ་སྐྱེད།  བཙུན་མ་རིག་འཛིན་སྒྲོལ་མ་ལགས་ལ་མྱ་ངན་དང་ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་རྒྱབ་སྐྱོར་ཆེད་མི་མང་འདུ་འཛོམས་ཀྱིས་མར་མེའི་ཁྲོམ་སྐོར་བྱས་སོང་།

དེ་ཡང་ཁོ་ཚོའི་བསྒྲགས་གཏམ་ཡི་གེ་ནང་འཁོད་དོན། ཟླ་འདིའི་ཚེས་༡༠ཉིན་དྷ་སར་གནས་སྡོད་བོད་མི་རྣམས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་བཙན་དབང་གིས་གཏོར་བཤིག་གཏོང་བཞིན་པར་ངོ་རྒོལ་དང་བླ་རུང་སྒར་གྱི་གྲྭ་བཙུན་སློབ་མ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ། ལྷག་པར་དུ་ཉེ་ཆར་བླ་རུང་སྒར་བཙན་དབང་གིས་གཏོར་བཤིག་གཏོང་མགོ་བརྩམས་པ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བཙན་ཤུགས་སྡུག་རྩུབ་ཅན་གྱི་སྲིད་ཇུས་དེར་ངོ་རྒོལ་གྱི་རང་སྲོག་བློས་བཏང་གནང་མཁན་བླ་རུང་སྒར་གྱི་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ལ་མྱ་ངན་དང་ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་རྒྱབ་སྐྱོར་ཆེད་མི་མང་འདུ་འཛོམས་ཀྱིས་མར་མེའི་ཁྲོམ་སྐོར་བྱེད་ཀྱི་ཡོད་ཅེས་དང་།

གཞན་ཡང་། ཟླ་བ་སྔོན་མའི་ཚེས་༢༠ཉིན་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་ཆེད་གཏོང་གིས་བླ་རུང་སྒར་གཏོར་བཤིག་བྱེད་སྒོ་བརྩམས་ཡོད་ལ་ད་ལྟའང་གཏོར་དང་གཏོར་མུས་རེད་འདུག རྒྱ་གཞུང་གི་བཀའ་རྒྱ་ལྟར་ན་གྲྭ་བཙུན་ཁྲི་གཅིག་ལྷག་ཡོད་པའི་བླ་རུང་སྒར་དུ་གྲྭ་བཙུན་ལྔ་སྟོང་ལས་བརྒལ་མི་ཆོག་པར་གཞན་ཚང་མ་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གཉེར་གླིང་ནས་ཕྱིར་འབུད་གཏོང་དགོས་པ་བཟོས་འདུག་པར་མ་ཟད། ཕྱིར་འབུད་མཁན་ཚང་མའི་སྡོད་ཁང་ཡོངས་རྫོགས་གཏོར་བཤིག་གཏོང་དགོས་པའི་བཀའ་རྒྱ་ཡང་བསྒྲགས་འདུག་ཅེས་དང་།

དེ་མིན་རང་སྲོག་གཅད་དེ་ངོ་རྒོལ་བྱེད་མཁན་གྱི་སྐོར་ལ། བཙུན་མ་རིག་འཛིན་སྒྲོལ་མས་རང་སྲོག་གཅོད་དགོས་དོན་ནི་རང་ཉིད་ཀྱི་སྡོད་གནས་དང་སློབ་གཉེར་བྱ་ཡུལ་གྱི་དགོན་ཆེན་ལ་བཙན་པོ་དབང་ཤེད་ཀྱིས་གཏོར་བཤིག་བཏང་ཡང་དྲང་བདེན་རྩོད་ས་མེད་པ་དང་དཀའ་སྡུག་ཞུ་ཡུལ་མེད་པའི་གནས་སྟངས་འོག་རང་སྲོག་བཅད་སྟེ་ངོ་རྒོལ་བྱས་ཡོད་འདུག
ཁོ་མོས་རང་སྲོག་མ་བཅད་གོང་ཤུལ་དུ་ཁ་ཆེམས་ཤིག་བཞག་ཡོད་པའི་ནང་། རྒྱ་ནག་གཞུང་གིས་ཉམས་ཆུང་གི་དགོན་སྡེའི་ནང་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་རྣམས་ལ་གཉའ་གནོན་གྱིས་སྡོད་སའི་གནས་མེད་པ་བཟོས་པའི་སྡུག་བསྔལ་དང་ན་ཟུག་ལ་བསྲན་མ་ཐུབ་པར་རང་སྲོག་གཅོད་དགོས་བྱུང་ཡོད་འདུག་ལ། དེ་བཞིན་མོ་རང་གིས་ཤུལ་དུ་བཞག་པའི་དངུལ་ཅུང་ཙམ་ཡོད་པ་དེ་ཡང་བླ་རུང་སྒར་དུ་འབུལ་དགོས་ཡོད་ཅེས་འཁོད་ཡོད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་འགན་འཛིན་ཚེ་ལྷ་ཡིས་བརྗོད་དོན། རྒྱ་ནག་གཞུང་གིས་བླ་རུང་སྒར་གཏོར་བཤིག་གཏོང་བའི་ལས་དོན་ཐད་འདྲ་ཆགས་ཆགས་ཀྱི་གསལ་བཤད་བཟོས་པ་དེ་ནི། རྒྱུ་མཚན་ཁུངས་ལུང་ཅི་ཡང་མེད་ཅིང་། ད་རུང་ཁོང་ཚོས་གཏོར་བཤིག་སྐབས་སུ་ས་གནས་མི་མང་དང་སྒར་དེའི་གྲྭ་བཙུན་ལ་སེམས་ཁུར་ཅི་ཡང་བྱས་མི་འདུག

བོད་མི་སྟོང་ཕྲག་མང་པོ་གནས་སྤོ་བྱེད་པའི་སྲིད་ཇུས་དེ་ནི་རྒྱ་ནག་སྲིད་གཞུང་གི་འཕེལ་རྒྱས་དང་ཁེ་ཕན་སྒྲུབ་ཐབས་ཉག་གཅིག་ཡིན་སྟབས། ངས་འཛམ་གླིང་གི་དབུ་ཁྲིད་རྣམ་པ་དང་རྒྱལ་སྤྱིའི་མང་ཚོགས་ལ་རྒྱ་ནག་གི་བྱ་སྤྱོད་དེར་ཉེས་འཛུགས་བྱེད་དགོས་པའི་ཞུ་བ་དང་། རྒྱ་ནག་དཔོན་རིགས་རྣམས་ཀྱི་སྡུག་རྩུབ་དང་མནར་གཅོད་ཀྱི་ལས་གཞི་དེ་དག་ལ་ཁག་འགན་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། སོ་སོ་བོད་དོན་ལས་འགུལ་བ་ཞིག་ཡིན་པའི་ངོས་ནས་བོད་ནང་དུ་འབྱུང་བཞིན་པ་འདི་ལྟ་བུའི་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་བྱེད་ཀྱི་ཡོད་ཅེས་བརྗོད་སོང་།

རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དབང་ལྡན་སྐྱབས་ལགས་ཀྱིས་བརྗོད་དོན། རྒྱ་ནག་གཞུང་གིས་བླ་རུང་སྒར་གཏོར་བཤིག་གཏོང་དགོས་པའི་ཐད་དགོན་པའི་མི་འབོར་མང་དྲག་པ་སོགས་ཀྱི་རྒྱུ་མཚན་བཤད་བཞིན་ཡོད་ཀྱང་།  དེ་ཡིན་ན། རྒྱ་ནག་ནི་འཛམ་གླིང་སྟེང་གི་མི་འབོར་ཆེ་ཤོས་ཡིན་པ་ལྟར། རྒྱ་ནག་གྲོང་ཁྱེར་ཁག་ཏུ་མི་འབོར་གྱིས་འཚང་ཁ་རྒྱག་བཞིན་ཡོད་པ་རེད། འོ་ན། དེ་ཚོ་ཕྱིར་ཕུལ་དང་སྡོད་ཁང་གཏོར་བཤིག་མི་གཏོང་བར་བོད་ཀྱི་ས་ཁུལ་གཅིག་པུར་བཙན་དབང་གི་སྲིད་ཇུས་འདི་འདྲ་ཞིག་ལག་བསྟར་བྱེད་དགོས་དོན་ཅི་ཡིན་ནམ། རྒྱ་ནག་གཞུང་གིས་ནམ་རྒྱུན་མི་རིགས་འདྲ་མཉམ་དང་ཁྲིམས་ལུགས་གཅིག་གྱུར་ཡིན་ཚུལ་བསྒྲགས་ཀྱི་ཡོད་པ་མིན་ནམ། ད་ནི་འདྲ་མཉམ་གང་ལ་འདུག རྒྱ་ནག་གི་རྩ་ཁྲིམས་རང་བཞིན་གྱི་བོད་མིའི་ཐོབ་ཐང་གང་དུ་ཕྱིན་པ་རེད་ཅེས་བརྗོད་སོང་།

ཉིན་ངྷ་ས་ས་གནས་སེར་སྐྱ་དང་ཡུལ་གྲུ་གཞན་ནས་ཕེབས་པའི་སྐྱེས་ཕོ་མོ་བཅས་མི་གྲངས་༥༠ལྷག་འདུ་འཛོམས་ཀྱི་མར་མེ་ཁྲོམས་སྐོར་བྱས་ཏེ། གསེར་རྟ་བླ་རང་སྒར་གཏོར་བཞིན་པར་ངོ་རྒོལ་དང་དགོན་པའི་འདུས་མང་ལ་གདུང་སེམས་མཉམ་སྐྱེད།  བཙུན་མ་རིག་འཛིན་སྒྲོལ་མ་ལགས་ལ་མྱ་ངན་དང་ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་རྒྱབ་སྐྱོར་བྱས་སོང་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།