དགོངས་ཚུལ།

བོད་མིའི་ངོ་བོ་ནི་ཆོས་དང་རིག་གཞུང་རེད་ཅེས་སྲིད་སྐྱོང་གིས་གསུངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༩ཉིན་སྤེལ། ཟླ་འདིའི་ཕྱི་ཚེས༠༨ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་རྣམས་ལ་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དང་བོད་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ། ལས་དོན་བྱེད་ཕྱོགས་སྐོར་སོགས་གསུང་བཤད་གཟབ་རྒྱས་གནང་ཡོད་འདུག

པར་དབུས་བོད་མིའི་སྒྲིག་འཛུགས་དྲ་བར་བླངས།དེ་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ངས་བཀའ་ཤག་སྐབས་ ༡༥ པའི་ཚབ་བྱས་ཏེ་ལས་བྱེད་རྣམ་པར་འཚམས་འདྲི་ཞུ་རྒྱུ་ཡིན། ཐོག་མར་ང་ཚོས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ལ་མཚོན་ན་ང་ཚོས་བོད་ནང་གི་གཞིས་ལུས་བོད་མི་ཚོའི་མངོན་འདོད་གང་ཡིན་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གཞིས་ལུས་བོད་མིའི་མངོན་འདོད་གང་ཡིན་བརྗོད་ན། བོད་མིའི་ངོ་བོ་མི་ཉམས་གོང་འཕེལ་གཏང་རྒྱུ་རེད། མི་རིགས་ངོ་བོ་བརླག་པ་ཡིན་ན་བོད་དང་བོད་མི་ལའང་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་ཡོད། དེར་བརྟེན་བོད་མི་རིགས་ཀྱི་ངོ་བོ་མི་ཉམས་རྒྱུན་འཛིན་ཐོག་ང་ཚོས་རྩོད་རྒྱུ་དེ་བོད་མི་རྣམས་ཀྱི་ཆེས་མཐོང་རྩོད་བཞིན་ཡོད། བོད་མིའི་ངོ་བོ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཡིན། སྐད་འདི་སྲོག་རྩ་དང་རིག་གཞུང་འདི་ཕྱིའི་རྣམ་པ་ཡིན། སྐད་ཟེར་བ་དེ་སྒྲ་དེ་རེད།

འདི་རྣམས་ང་ཚོའི་གཞི་རྟེན་ཡིན། ཐབས་ལམ་དེར་ད་ལྟའི་བཀའ་ཤག་གི་ལྔ་དང་ལྔ་བཅུ། ཞེས་པ་འདི་ཡིན། ལྔ་ཟེར་སྐབས་བཀའ་ཤག་འདིའི་ལས་ཡུན་ལོ་ལྔ་རེད། སྲིད་སྐྱོང་གི་ལས་ཡུན་ལོ་ལྔ་རེད། ལོ་ལྔའི་ནང་དམིགས་ཡུལ་གཙོ་ཆེ་ཤོས་ནི་དུས་རྟག་ཏུ་ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་རེད། དེ་ལྟར་ཡོང་བར་བོད་རྒྱ་ཞི་མོལ་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་དམིགས་ཡུལ་གཙོ་བོ་རེད། དེ་དང་ལྷན་དུ་ལོ་ངོ་ལྔ་བཅུ་བར་བཙན་བྱོལ་དུ་ལྷག་པ་ཡིན་ནའང་འཆར་གཞི་བང་སྒྲིག་ནས་འགྲོ་དགོས་པ་ཆགས་ཡོད།

གང་ཡིན་བརྗོད་ན་བོད་མིའི་སྒྲིག་འཛུགས་ལོ་ ༥༠ འཚོ་ཐུབ་པ་ཡིན་ན། དེ་ཙམ་མ་ཟད། དུས་སྐབས་དེའི་རིང་ང་ཚོའི་ནུས་པ་འདི་འཕེལ་ཐུབ་པ་ཡིན་ན་རྒྱ་ནག་ནང་འགྱུར་བ་ངེས་པར་དུ་འགྲོ་རྒྱུ་རེད། དེ་ལྟར་བྱུང་ཚེ་བོད་མི་ཚོར་གཞི་རྩའི་རང་དབང་ཐོབ་ངེས། དེར་བརྟེན་ལོ་ལྔའི་ཐབས་བྱུས་འདི་དབུ་མའི་ལམ་གཞིར་བཞག་ཐོག་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་བྱ་རྒྱུ་འདི་རེད། ལོ་ལྔའི་ནང་དེ་ལྟར་ཐོབ་ཐུབ་པ་ཡིན་ན། ང་ཚོར་རྒྱལ་ཁ་ཐོབ་པ་རེད་ལ། མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་རེད། ལོ་ལྔ་དང་ལྔ་བཅུ་གཉིས་ཀར་ང་ཚོར་རྒྱལ་ཁ་ཐོབ་པའི་རེ་བ་ཡོད། བོད་མིའི་སྒྲིག་འཛུགས་འདི་ལོ་ལྔ་དང་ལྔ་བཅུའི་ནང་སྦོ་ལུག་པ་ཡིན་ན་རྒྱ་ནག་གཞུང་གིས་ཡ་ལན་བྱེད་རྒྱུ་མ་རེད།

འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་འདི་ལོ་ལྔ་བཅུ་བར་གནས་ས་རེད་བསམས་པ་བྱུང་ན། བོད་རྒྱ་ཞི་མོལ་ཡོང་དགོས་འདུག བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་པ་འདུག ཅེས་ཡ་ལན་བྱེད་ཀྱི་རེད། དེར་བརྟེན་བཀའ་ཤག་འདིས་འབད་བརྩོན་བྱེད་རྒྱུ་ནི་ལྔ་དང་ལྔ་བཅུ་གཉིས་ཀར་འབད་བརྩོན་གང་ཡོད་བྱེད་རྒྱུ་ཡིན། བོད་རྒྱ་ཞི་མོལ་ཡོང་བར་ང་ཚོས་གང་བྱེད་དགོས། བོད་མིའི་སྒྲིག་འཛུགས་འདི་གནས་དགོས་ན་ང་ཚོས་གང་བྱེད་དགོས་ཞེས་ན། ཆ་རྐྱེན་ལྔ་ཡོད། ༡།རྒྱལ་སྤྱི། ༢།རྒྱ་ནག ༣།རྒྱ་གར། ༤།བོད། ༥།བོད་མིའི་སྒྲིག་འཛུགས་བཅས་ཡིན།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་དང་འབྱུང་འགྱུར་བྱེད་ཕྱོགས་ཇི་འདྲ་ཡིན་པ་དེའི་ཐོག་གསུང་དོན། ད་བར་༸གོང་ས་མཆོག་གིས་སྐུ་ངལ་ཧ་ཅང་མཛད་ཡོད། ད་ཆ་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༡ ཕེབས་བཞིན་ཡོད། དུས་སྐབས་འདིར་ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ཧྲ་ཏག་ཏག་ཡོད་སྐོར་ཉིན་ལྟར་ཁ་ཞེ་གཉིས་མེད་ཀྱིས་སྙན་གསང་ཞུ་ཐུབ་པ་བྱུང་ན་ཐུགས་ཧ་ཅང་དགྱེས་ཚོར་ཡོང་རྒྱུ་གོར་མ་ཆག ང་རང་གཞི་རྩའི་ཆ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལ་ཧ་ལས་པའི་གུས་ཞབས་ཞུ་མཁན་གྲས་ཤིག་ཡིན།

དེ་རིང་སྔ་དྲོ་ཨ་རིའི་རོགས་ཚོགས་ USAID གྱི་ཆེད་གཉེར་དོན་གཅོད་སྐུ་ཞབས་ཇོ་ན་ཐན་མཆོག་འདིར་ཕེབས་སྐབས་སུའང་ངས་ཁོང་ལ་སྲི་ཞུ་བ་ཚོས་རང་གི་མི་ཚེ་བློས་གཏོང་གནང་ནས་འདིར་ཞབས་ཞུ་སྒྲུབ་བཞིན་ཡོད་སྐོར་ཞུས་པ་ཡིན། ང་རང་ཐོག་མར་བཀའ་ཤག་སྐབས་ ༡༤ སྲིད་སྐྱོང་གི་འགན་ཁུར་ཞུས་ནས་སྲི་ཞུ་བ་རྣམས་དང་ལྷན་ཚོགས་སྐབས་དེར་ལས་བྱེད་གསོལ་ཕོགས་ཀྱིས་གཙོས་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་པའི་སྐོར་བསམ་ཚུལ་ཤུགས་ཆེ་གསུངས་བྱུང་། འོན་ཀྱང་དོན་དངོས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཐོག་མུ་མཐུད་ནས་ཡར་རྒྱས་གཏོང་དགོས་པ་ཡོད་སྟབས་དེའི་ཐོག་ང་ཚོས་དཀའ་ལས་གང་ཙམ་རྒྱབ་དགོས་བྱུང་། དེར་བརྟེན་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཐོག་འབྱུང་འགྱུར་ལོ་ལྔའི་ནང་ཛ་དྲག་གི་དཀའ་ངལ་འཕྲད་རྒྱུ་མ་རེད། ཅེས་ངས་ཁ་ཚོན་བཅད་ནས་ཧ་ལམ་ཞུ་ཆོག ཅེས་གསུངས་པ་དང་སྦྲགས། ཉེ་ལམ་བཀའ་ཤག་ནས་ལས་བྱེད་གསོལ་ཕོགས་དང་ཡུལ་ཐང་གུན་གསབ་ཕྲན་བུ་སྤར་བ་མ་ཟད། ལས་ཤག་གསར་རྒྱག་གི་ལས་གཞི་མུ་མཐུད་འགྲོ་བཞིན་ཡོད་སྐོར་གསུངས།

དེ་རྗེས་སྲི་ཞུ་བ་ཡོངས་ལ་བླང་དོར་ལམ་སྟོན་གནང་དོན། ལས་བྱེད་སྤྱི་ཡོངས་ལ་མཚོན་ན་ཧ་ལས་པའི་སེམས་ཤུགས་དང་ཧུར་བརྩོན་ཧ་ཅང་ཐོག་ནས་ཞབས་ཞུ་སྒྲུབ་བཞིན་ཡོད། འོན་ཀྱང་རེ་བཟུང་གིས་བསམ་བློ་ཁ་གསལ་དེ་ཙམ་མེད་པར་བརྟེན་ཁ་གསལ་པོ་ཞིག་བཟོ་དགོས་པའི་དུས་ལ་བབ་ཡོད། ལས་བྱེད་གནང་མཁན་ཡིན་ན་ཧུར་ཐག་གནང་དགོས། དེ་མིན་ཚོང་རྒྱག་རྒྱུའི་བསམ་བློ་ཡོད་ན་ཚོང་ལ་ཕེབས་ན་དགའ་རྒྱུ་རེད། ཚོང་ཁེ་ལ་བརྟེན་འཚོ་བ་སོགས་གང་ཅིར་ཡར་རྒྱས་འགྲོ་རྒྱུ་རེད། གཞན་ཡང་ཆབ་སྲིད་པ་གནང་དགོས་འདུག་བསམ་མཁན་ཡོད་ཚེ་འོས་བསྡུའི་སྐབས་མཉམ་ཞུགས་གནང་དགོས། དེ་བཞིན་ཕྱི་རྒྱལ་ལ་ཕེབས་དགོས་བསམ་མཁན་ཡོད་ན་ཕེབས་ན་དགའ་རྒྱུ་རེད། དེ་མིན་བློ་རྩེ་གཉིས་བྱས་ནས་བཞུགས་ན་སྤྱི་སྒེར་གཉིས་ཀར་ཕན་རྒྱུ་མེད། འདི་ངས་ཉུང་ཤས་ཤིག་ལ་ཞུ་གི་ཡོད། གཞན་ལས་བྱེད་མང་བ་རྣམས་ཡག་ཐག་ཆོད་རེད། བསམ་བློ་ཁ་གསལ་མེད་ན་ཆོད་སེམས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། ཐོག་མ་རང་ནས་ལས་བྱེད་ཡང་དག་པ་ཞིག་གནང་དགོས་བསམས་པའི་ཀུན་སློང་དེ་མེད་ན་ཆོད་སེམས་བརྟན་པོའི་ཐོག་ནས་ལས་ཀ་བྱེད་ཐུབ་རྒྱུ་ཁག་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་བ་བོད་མི་སྒྲིག་འཛུགས་དྲ་རྒྱ་ལས་དྲང་།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།