༸གོང་ས་མཆོག་གིས་ལ་དྭཊ་ཁུལ་དུ་བསྐྱངས་པའི་མཛད་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༩ཉིན་སྤེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་༥ནས་༩བར་ལ་དྭགས་ཁུལ་དུ་བསྐྱངས་གནང་བའི་མཛད་འཕྲིན་ཕྱོགས་བསྡུས་གཤམ་གསལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་བྲག་ཐོག་དགོན་ཆོས་འཁོར་པདྨ་གླིང་གི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་པ། དེ་ཡང་ཕྱི་ལོ་༢༠༡༦ཟླ་༨ཚེས་༥ཉིན་གྱི་སྔ་དྲོ་ཆུ་ཚོད་༦།༣༠ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༤༠ སར་ཡོད་པའི་སྔ་འགྱུར་བྲག་ཐོག་དགོན་ཆོས་འཁོར་པདྨ་གླིང་དུ་ཆིབས་སྒྱུར་གྱིས་ཆུ་ཚོད་ ༧།༣༠ ཐོག་བྲག་ཐོག་དགོན་པར་༸ཞབས་སོར་འཁོད་སྐབས། དགོན་པའི་སློབ་དཔོན་དང་སློབ་དཔོན་ཟུར་པ། ས་གནས་ཀྱི་གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

སྐབས་དེར་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུང་འདོན་དང་སྦྲགས།༸གོང་ས་མཆོག་གིས་དགོན་པའི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་རྗེས་འདུ་ཁང་ནང་གནས་གཟིགས་མཛད། དེ་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། སློབ་དཔོན་མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཆོ་གའི་སྒོ་ནས་གསོལ་ཚོགས་འབུལ་བཞེས་མཛད་པ་དང་ཆབས་ཅིག དེར་འདུས་དགེ་འདུན་པ་དང་དད་ལྡན་མང་ཚོགས་ནས་ཚིག་བདུན་གསོལ་འདེབས་དང་བར་ཆད་ལམ་སེལ། རྡོ་རྗེ་གྲོ་ལོད་ཀྱི་གཟུངས་སྔགས་སོགས་བཏོན།

ཚོགས་མཆོད་ཀྱི་ཆོ་ག་གྲུབ་རྗེས་འདུ་ཁང་གི་ཕྱི་རོལ་དུ་འདུས་པའི་ས་གནས་ཀྱི་དད་ལྡན་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཤིག་ལ་༸གོང་ས་མཆོག་གིས་ཆོས་འབྲེལ་དང་བཀའ་སློབ་ཐུང་ངུ་ཞིག་སྩལ་བའི་ནང་། ནང་པ་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དང་། མི་སྐྱ་ཕོ་མོ་རྒན་གཞོན་ཚང་མས་སངས་རྒྱས་ཀྱི་གསུང་གཞུང་ཆེན་ཁག་ལ་བློ་ཟུ་བོར་གནས་པའི་ཐོག་ནས་སློབ་སྦྱོང་བྱེད་ནས་དེའི་ཐོག་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་སློབ་ཕྲུག་ཚོར་གནའ་དེང་གི་ཤེས་ཡོན་ཟུང་སྦྲེལ་ཐོག་ཕྱི་དངོས་པོ་ཡར་རྒྱས་ཙམ་མིན་པར་ནང་སེམས་ཀྱི་ཞི་བདེའི་ཐོག་དོ་སྣང་དགོས་གལ་སྐོར་བཀའ་སློབ་སྩལ།

སྤྱིར་འདུ་ཁང་དེའི་ནང་རྟེན་གཙོ་བོ་གུ་རུ་རིན་པོ་ཆེ་དང་། དེའི་གཡས་སུ་གུ་རུ་རྡོ་རྗེ་གྲོ་ལོད། གཡོན་དུ་གུ་རུ་པདྨ་རྒྱལ་པོ་བཅས་གསུམ་གྱི་སྐུ་བརྙན་ཐོག་རྩེགས་གཅིག་ཙམ་གྱི་མཐོ་ཚད་ཅན་ཞིག་བཞེངས་ཡོད། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བརྙན་དེ་བཞིན་དེ་སྔ་བོད་བསྟན་སྲིད་ཀྱི་ཆེད་དུ་བཞེངས་པ་ཞིག་ཡིན་པ་དང་། ད་ཐེངས་ལ་དྭགས་སུ་༸ཞབས་སོར་འཁོད་རྗེས་བདུན་ཕྲག་གཅིག་གི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལྗགས་བསྙེན་མཛད་ཡོད།

བྲག་ཐོག་དགོན་དུ་ཆིབས་སྒྱུར་མཛད་འཕྲིན་སྐོར་དགོན་པའི་དགེ་རྒན་སློབ་དཔོན་བཤད་སྒྲུབ་དཀོན་མཆོག་ལགས་ཀྱིས་ངོ་སྤྲོད་གནང་དོན། རྩ་བའི་བྲག་ཐོག་དགོན་པ་དེ་བཞིན་སྔ་འགྱུར་རྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་གི་ཡན་ལག་དགོན་པ་ཞིག་ཡིན་པ་དང་། དགོན་པའི་དགོན་བདག་ཞིང་གཤེགས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཡིན་པ་རེད། ད་ལྟའི་ཆར་དགེ་འདུན་པ་ཞལ་གྲངས་བཞི་བཅུ་ལྷག་ཙམ་སློབ་གཉེར་གནང་བཞིན་ཡོད། ཅེས་གསུངས།།


སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༥ཉིན་སྔ་འགྱུར་བྲག་ཐོག་དགོན་ཆོས་འཁོར་པདྨ་གླིང་གི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་རྗེས་བཀའ་སློབ་སྩལ་དོན།

དེ་རིང་འདིར་བོད་བསྟན་སྲིད་ཀྱི་ཆེད་དམིགས་ཏེ་བཞེངས་པའི་གྲོ་ལོད་ཀྱི་སྐུ་དེ་སྔོན་མ་བཞེངས་ཚར་རྗེས་གྲོ་ལོད་ཀྱི་དབང་ཞིག་བྱས་པ་རེད། གང་ལྟར་ལོ་རྒྱུས་ལྡན་པའི་ཆོས་ལྡན་གངས་ཅན་ཞིང་གི་བསྟན་འགྲོར་དམིགས་ནས་ཆེད་མངགས་བཞེངས་པའི་ལ་དྭགས་སུ་ཡོད་པའི་གྲོ་ལོད་ཀྱི་སྐུ་དེའི་ཞལ་ཤར་བོད་ཕྱོགས་ལ་ཡོད། དེ་ནས་མོན་བསྟན་འཛིན་སྒང་ཡིན་པ་ཡོད། དེར་གྲོ་ལོད་ཀྱི་སྐུ་ཞིག་ཡོད། དེ་བཞིན་ས་མཚམས་ཤིག་ཏུ་གྲོ་ལོད་ཀྱི་སྐུ་ཞིག་བོད་ལ་ཞལ་གཟིགས་ནས་བཞེངས་ཡོད། ཕྱོགས་མཚུངས་འབྲས་ལྗོངས་ལའང་ཕལ་ཆེར་གཅིག་ཡོད། གང་ལྟར་སྐུ་དེ་དག་བོད་བསྟན་སྲིད་ཀྱི་ཆེད་དུ་དམིགས་ཏེ་བཞེངས་པ་ཞིག་རེད། ད་ཐེངས་ངོས་རང་ལ་དྭགས་སླེ་རུ་འབྱོར་ནས་བདུན་ཕྲག་གཅིག་རིང་གྲོ་ལོད་བསྙེན་པ་བཏང་སྟེ་སྨོན་ལམ་བརྒྱབ་ཏེ་བསྡད་པ་དེ་ཁ་སང་གྲུབ་པ་རེད། དེ་རིང་འདིར་གཏང་རག་གི་ཚུལ་དུ་མཆོད་མཇལ་དང་། གྲོ་ལོད་ཀྱི་ལྷའི་རྣལ་འབྱོར་དང་འབྲེལ་བའི་ཐོག་ནས་ཚོགས་ཤིག་ཕུལ་བ་རེད། དང་ཐོག་འཆར་གཞི་མེད་ཀྱང་ཁྱེད་རང་ཚོ་ས་ཁུལ་དེ་གའི་མི་མང་པོ་ཞིག་འཛོམས་ཡོད་སྟབས་ངོས་རང་ཁྱུག་ཙམ་ཞིག་ཁྱེད་རང་ཚོ་ཐུག་ཏུ་ཡོང་བ་ཡིན། ཨིན་སྐད་ལྟར་མ་སོང་ན་ཧེ་ལོ་ Hello ཟེར་ཆེད་ཡོང་བ་ཡིན། ཁྱེད་རང་ཚོ་འདིར་ཡོང་རྒྱུ་དེ་ཡང་དད་པ་དང་དགའ་ཞེན་བྱས་ནས་ཡོང་བ་རེད། སྤྱིར་ཆོས་ལུགས་ཚང་མའི་ནང་དད་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཆགས་ཀྱི་ཡོད། ཤེས་རབ་ཀྱི་གྲོགས་དང་བཅས་པ་ཟེར་ན། རྒྱུ་མཚན་བསམ་བློ་བཏང་བའི་ཐོག་ནས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བྱེད་རྒྱུ་རེད།

དེ་འདྲ་ཡིན་དུས་འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་ཡོད། མི་དུང་ཕྱུར་མང་པོར་ཕན་བཞིན་ཡོད། ཧ་ཅང་ཡག་པོ་རེད། དེའི་ནང་ནས་སངས་རྒྱས་པའི་ཆོས་ལ་བཅོམ་ལྡན་འདས་ཀྱི་བཀའ། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་བོད་ཡིག་ནང་ཡོད། དེ་བཞིན་བོད་ཡིག་ནང་མེད་པའི་བཀའ་འགྱུར་དེ་འདྲ་ཡོད་ས་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་སྟོན་པ་མང་པོ་བྱུང་བའི་ནང་ནས་གནས་ལུགས་འགྲེལ་བཤད་བརྒྱབ་པའི་ཐོག་ནས་དད་པ་དང་ལྷག་བསམ་བསྒྲུབ་རྒྱུ་དེ་རྒྱུ་མཚན་གྱི་ཐོག་ནས་བསྒྲུབ་རྒྱུ་ཡིན་སྟབས། བཅོམ་ལྡན་འདས་ཀྱིས་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་ཞིག་གསུངས་ཡོད་པ་དེའི་འགྲེལ་བ་རྒྱ་གར་མཁས་པ་གཙོ་བོ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་དགོངས་འགྲེལ་བརྩམས་པ་དེར་བསྟན་འགྱུར་ཞེས་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད། འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མས་མིར་ཕན་གྱི་ཡོད་པས་རྗེས་སུ་ཡི་རང་དང་། ཕྱག་བྱ་བར་འོས་པ་རེད། ཧ་ཅང་ཡག་པོ་རེད། འོན་ཀྱང་ལྟ་གྲུབ་ཀྱི་རྣམ་གཞག་གི་ཐོག་ནས་འདི་ལྟ་བུའི་འགྲེལ་བཤད་ཡོད་པ་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཁོ་ན་ཡིན་པ་མ་གཏོགས་གཞན་སུ་ཞིག་ལའང་མེད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་ཡོད། བཅོམ་ལྡན་འདས་ལ་དད་གུས་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་སངས་རྒྱས་ཀྱི་བཀའ་ལ་ལམ་སང་ཡིད་ཆེས་མ་བྱས་པར་བརྟག་དཔྱད་བྱོས་ཞེས་གསུངས་ཡོད། དེ་ནི་འཛམ་གླིང་འདིའི་སྒང་གི་སྟོན་པ་མང་པོ་ཡོད་ཀྱང་སྟོན་པ་རང་རང་གི་བཀའ་ལ་ཡིད་ཆེས་བྱོས་ཞེས་གསུངས་པ་མ་གཏོགས། སྟོན་པ་རང་གི་གསུངས་པའི་བཀའ་དེར་ལམ་སང་ཡིད་ཆེས་མ་བྱས་པར་ཁྱེད་རང་ཚོས་བརྟག་དཔྱད་བྱོས། ཚོད་ལྟ་བྱོས་གསུང་མཁན་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་མ་གཏོགས་སུ་ཡང་མེད། བརྟག་དཔྱད་བྱེད་སྐབས་འདི་ཡིན་ན་འདི་ཡིན་དགོས་ཀྱི་རེད། ཅེས་རྒྱུ་མཚན་སྒང་འགྲོ་དགོས་ཀྱི་ཡོད།

དེར་བརྟེན་དཔལ་ནཱ་ལེནྡྲའི་མཁས་པ་ཚོས་འགྲེལ་བཤད་སྐྱོན་སྐབས་རྒྱུ་མཚན་བཀོད་ནས་འགྲེལ་བཤད་སྐྱོན་གྱི་ཡོད་སྟབས། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མའི་གཞུང་ལོགས་སུ་མཛད་ཡོད། ནང་པའི་ཡུལ་གྲུ་མང་པོ་ཡོད་པའི་ནང་ནས་ཕལ་ཆེར་བོད་ཁོ་ནར་མ་གཏོགས་ཚད་མའི་གཞུང་དེ་དག་ཆ་ཚང་ཞིག་བོད་སྐད་ནང་ཡོད་པ་དང་། དེར་སློབ་སྦྱོང་བྱེད་རྒྱུ་དེ་ཡང་ཕལ་ཆེར་བོད་གཅིག་པུ་མ་གཏོགས་མེད་པའི་བཟོ་འདྲ་འདུག དེར་བརྟེན་ང་ཚོས་བརྟག་དཔྱད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རྩིས་ཏེ་བརྟག་དཔྱད་བྱེད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ལ་ཡིན་ནའང་བརྟག་དཔྱད་བྱས་ནས། སངས་རྒྱས་ཀྱི་བཀའ་འདི་བཅོམ་ལྡན་འདས་ཀྱི་གསུངས་པ་རེད། འོན་ཀྱང་བཀའ་དེའི་དགོངས་གཞི་དགོས་པ་གཞན་ཞིག་ཐོག་ནས་གསུངས་པ་རེད་མ་གཏོགས་བཀའ་དེ་སྒྲ་ཇི་བཞིན་པར་ཁས་བླངས་དུ་རུང་གི་མ་རེད།

དཔེར་ན་མགོན་པོ་ཀླུ་སྒྲུབ་དང་དེ་བཞིན་གསལ་ཁ་བཏོན་ནས་གསུང་མཁན་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་ནང་། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། དྲང་དོན་ཉིད་དུ་འདིས་གསལ་བར་བྱེད། དེ་བཞིན་གཤེགས་པ་སྙིང་པོའི་མདོ་ལ་སོགས་པ་མདོ་བཅུ་གྲངས་ཤིག་གསུངས་ཡོད། དེའི་ནང་མདོ་སྡེ་དགོངས་འགྲེལ་བཀོད་ཡོད། མདོ་དེ་དག་བཅོམ་ལྡན་འདས་ཀྱི་བཀའ་རེད། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཡང་མདོ་དེ་དག་ནས་གསུངས་པའི་དོན་དག་དེ་དག་སྒྲ་ཇི་བཞིན་པར་ཁས་བླངས་པ་ཡིན་ན་རིག་པས་གནོད་བཞིན་འདུག དེར་བརྟེན་སྒྲ་ཇི་བཞིན་པར་ཁས་བླངས་དུ་རུང་གི་མ་རེད། ཅེས་གསུངས་ཡོད། དེར་བརྟེན་དཔལ་ནལེནྡྲའི་ཆོས་བརྒྱུད་འཛིན་མཁན་ནང་དུ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཆགས་ཡོད་ཀྱང་ལྟ་གྲུབ་ལ་གོ་བ་ལེན་སྟངས་མི་འདྲ་བའི་ཐོག་ནས་གྲུབ་མཐའ་སྨྲ་བ་བཞི་ཡོད། བྱེ་བྲག་སྨྲ་བ། མདོ་སྡེ་པ།སེམས་ཙམ་པ། དབུ་མ་བ། དེ་དག་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་པ་ཡིན་ཡང་ལྟ་གྲུབ་མི་འདྲ་བ་ཡོད།

འོན་ཀྱང་རིག་པས་དཔྱད་ནས་གོ་བ་མི་འདྲ་བའི་ཐོག་ནས་ལྟ་གྲུབ་མི་འདྲ་བ་བཞི་ཡོད། བཞི་པོ་དེར་ཡང་ནང་གསེས་ཀྱིས་ལྟ་གྲུབ་མི་འདྲ་བ་བྱས་ནས་ཧ་ལམ་བཅུ་གྲངས་ཤིག་ཡོད། དེར་བརྟེན་འདས་པའི་ལོ་ཧ་ལམ་ ༣༠ ཙམ་ཕྱིན་པ་རེད། ངོས་ཀྱིས་ཚན་རིག་པ་དང་ལྷན་འབྲེལ་བ་བྱས་ཡོད། གང་ཡིན་བརྗོད་ན། སངས་རྒྱས་པའི་ཆོས་འདི་བརྟག་དཔྱད་བྱས་ནས་འགྲོ་རྒྱུ་ཞིག་རེད་མ་གཏོགས་དད་པ་བྱས་ནས་འགྲོ་རྒྱུ་ཞིག་མ་རེད།

དད་པ་གལ་ཆེན་པོ་རེད། འོན་ཀྱང་དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པ། རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བྱེད་དགོས་སྟབས། རྒྱུ་མཚན་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ང་ཚོས་རྒྱུ་མཚན་བེད་སྤྱོད་བྱ་རྒྱུ་ཞིག་ཆགས་པ་ཡིན་དུས། ཚན་རིག་པ་དང་ལྷན་ངོས་ཀྱི་འབྲེལ་བ་བྱས་པ་རེད། ཚན་རིག་པ་ཚོ་མཆོད་པ་ཡང་མ་རེད། ནང་པ་ལྟ་ཅི། དཔེར་ན་ཅུང་ཟད་ལྐོག་གྱུར་རིག་པས་དཔྱད་སྐབས་མཐར་མངོན་སུམ་ལ་གཏུགས་དགོས། མངོན་སུམ་ལ་གཏུགས་བརྗོད་སྐབས་མཐོང་བ་མངོན་གྱུར་ལ་ཐུག་བཞིན་ཡོད། ཤིན་ཏུ་ལྐོག་གྱུར། ཅུང་ཟད་ལྐོག་གྱུར། མཐོང་བ་མངོན་གྱུར། ཞེས་ཡོད་པའི་ནང་ནས་ཤིན་ཏུ་ལྐོག་གྱུར་གྱི་རྣམ་གཞག་དེ་དག་ལ་བསམ་བློ་གཏོང་སྐབས་ཅུང་ཟད་ལྐོག་གྱུར་ལ་བརྟེན་ནས་དཔེར་ན། དེ་བཞིན་གཤེགས་པའི་ལས་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་གསུངས་པ་དེ་ཚོ་ཕལ་ཆེར་ཡིད་ཆེས་རྗེས་དཔག་སྒང་ལ་འགྲོ་དགོས་པ་ལྟ་བུ་ཆགས་ཡོད། དེ་འདྲའི་ཡིད་ཆེས་རྗེས་དཔག་ཟེར་བ་དེ་བཅོམ་ལྡན་འདས་ཀྱིས་གསུང་པ་རེད། ཅེས་བརྗོད་ཀྱི་མེད། བཅོམ་ལྡན་འདས་ཀྱིས་ལུང་དེ་དང་དེ་འདྲ་བ་མཐོང་བ་མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་སྟོན་པའི་རིགས་དེ་དག་ལ་བཅོམ་ལྡན་འདས་ཀྱི་གསུང་ལ་སྔ་ཕྱི་དངོས་ཤུགས་འགལ་བ་མེད་པ། དེ་འདྲའི་ཐོག་ནས་རྒྱུ་མཚན་ལ་བསམ་བློ་བཏང་ནས་ཡིད་ཆེས་རྗེས་དཔག་བསླེབས་ཀྱི་ཡོད།

དེར་བརྟེན་ཡིད་ཆེས་རྗེས་དཔག་བསླེབས་ཟེར་བ་དེ་ཡང་ཅུང་ཟད་ལྐོག་གྱུར་རིགས།བརྟག་དཔྱད་བྱས་ནས་དཔོག་ཐུབ་པའི་རིགས་འདི་ཅུང་ཟད་ལྐོག་གྱུར་ཞེས་པ་དེས་བཤད་ཀྱི་ཡོད། དཔེར་ན་སྟོང་ཉིད་ལ་མཚོན་ན་ཅུང་ཟད་ལྐོག་གྱུར་གྲས་རེད། དེ་རིག་པས་བསྒྲུབ་དགོས་པ་རེད། དེ་འདྲ་དེ་ཡང་མཐར་རང་བཞིན་སྟོང་པ་རེད་ཟེར་བ་དེ་ཡང་མཐར་གཏུགས་སྐབས་རྒྱུ་འབྲས་རྟེན་འབྱུང་རེད་འདུག ཅེས་མཐོང་བ་མངོན་གྱུར་ལ་གཏུགས་བཞིན་ཡོད། དེར་བརྟེན་ཚན་རིག་པ་ཚོས་བརྟག་དཔྱད་བྱེད་སྐབས་མཐོང་བ་མངོན་གྱུར་སྒང་ལ་འགྲོ་བཞིན་ཡོད། སངས་རྒྱས་པའི་གཞུང་ནས་རིག་པས་བསྒྲུབ་ཡོང་སྐབས་མཐར་མྱོང་བ་ལ་གཏུགས་རྒྱུ་རེད། མཐོང་བ་མངོན་གྱུར་ལ་གཏུགས་རྒྱུ་རེད།

དེར་བརྟེན་ཚན་རིག་པ་དང་ལྷན་ངོས་ཀྱིས་འབྲེལ་བ་བྱས་པ་རེད། ཕལ་ཆེར་ལོ་ ༣༠ལྷག་ཙམ་ཕྱིན་པ་རེད། ངོས་ཀྱིས་ཐོག་མར་ཚན་རིག་པ་དང་འབྲེལ་བྱེད་སྐབས་ངོས་ཀྱི་ཆོས་གྲོགས་འགའ་ཤས་ཀྱིས་ཚན་རིག་པ་དང་འབྲེལ་བ་བྱེད་རྒྱུ་མེད། དེ་ཉེན་ཁ་ཆེན་པོ་རེད། ཅེས་བརྗོད་བྱུང་། དེར་ཉེན་ཁ་གང་ཡང་མིན་འདུག ང་ཚོས་དངོས་ཡོད་གནས་ཚུལ་ལ་དཔྱད་བཞིན་ཡོད། ཚན་རིག་པས་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་ར་འཕྲོད་པ་ཞིག་ཡོད་ན། ནང་པའི་གཞུང་ནས་གསུངས་ཡོད་ནའང་དེར་ཁས་ལེན་བྱེད་དགོས་མ་རེད། དཔེར་ན།ང་ཚོའི་དཔེ་ཆའི་ནང་འཛམ་གླིང་ལེབ་ལེབ་དང་། དབུས་སུ་རི་རབ་ཡོད་པ། རི་རབ་གཡས་གཡོན་དུ་ཉི་ཟླ་འགྲོ་བཞིན་ཡོད་པ་མངོན་པ་མཛོད་ནང་གསུངས་ཡོད། དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་དེང་སྐབས་ཚན་རིག་པ་ཚོས་དངོས་སུ་མཐོང་བ་དེ་དག་འགལ་བར་འགྲོ་བཞིན་ཡོད།

དེར་བརྟེན་ཚན་རིག་པས་མཐོང་བ་དེ་གལ་ཆེ་བར་བརྩི་དགོས། དཔེར་ན་ངོས་ལ་མཚོན་ན་རི་རབ་ཁས་ལེན་གྱི་མེད། ཁྱེད་རང་ཚོ་སྤོ་རྨོ་ཚོས་མཎྜལ་ཕུལ་བ་དེར་སྐྱོན་གང་ཡང་མེད། བཅོམ་ལྡན་འདས་འཛམ་གླིང་དུ་ཕེབས་པ་དེ་ཉོན་མོངས་དུག་གསུམ་སེལ་ཆེད་ཕེབས་པ་རེད་མ་གཏོགས། འཛམ་གླིང་ཐིག་རྒྱག་ཆེད་ཕེབས་མེད།ཅེས་ངོས་ཀྱིས་དེ་ལྟར་ཤོད་བཞིན་ཡོད། དུས་རབས་ལྔ་པའི་ནང་ནཱ་ལེནྡྲའི་མཁས་པ་ཞིག་གིས་འཛམ་གླིང་ལྡུམ་པོ་ཡིན་པ་བརྟག་དཔྱད་གནང་ནས་གསུངས་ཡོད། བཅོམ་ལྡན་འདས་ཀྱི་གཞུང་ནང་ཤེས་རབ་ཧ་ཅང་གལ་ཆེན་པོ་རེད།ཤེར་ཕྱིན་གཞུང་གི་མཚན་ལའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྗོད་བཞིན་ཡོད། སྙིང་རྗེའི་ཕ་རོལ་དུ་ཕྱིན་པ་ཞེས་བརྗོད་ཀྱི་མེད། དད་པའི་ཕ་རོལ་དུ་ཕྱིན་པ་ཞེས་མི་བརྗོད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྗོད་བཞིན་ཡོད། དེར་བརྟེན་ཤེས་རབ་ཧ་ཅང་གལ་ཆེན་པོ་རེད།

ཤེས་རབ་ལའང་དངོས་སུ་བསམ་བློར་འགུལ་ཐུབ་པ་བྱེད་མཁན་དེ་སྒོམ་བྱུང་གི་ཤེས་རབ་རེད། སྒོམ་བྱུང་གི་ཤེས་རབ་ཡོང་བར་བསམ་བློ་བཏང་ནས་སེམས་ནས་ངེས་པ་ཐོབ་པའི་རྗེས་དཔག་ཚད་མ་ཕལ་ཆེར་རེད། བསམ་བྱུང་གི་ཤེས་རབ་ཟེར་བ་དེ་ཕལ་ཆེར་རེད། བསམ་བྱུང་ཤེས་རབ་ཡོང་བར་སྔོན་ལ་ཐོས་བྱུང་ཤེས་རབ་དགོས། དེར་བརྟེན་དཔེ་ཆ་ལྟ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། ཁྱེད་ཚོས་ནང་ཆོས་གཞུང་དེ་དག་ལ་གང་ཐུབ་སློབ་གཉེར་བྱོས། དེར་བགྲོ་གླེང་བྱོས། ཐོས་བྱུང་གི་ཤེས་རབ་དེར་རིམ་བཞིན་སོ་སོས་བསམ་བློ་བཏང་། གོ་བསྡུར་བྱས་ནས་བསམ་བྱུང་གི་ཤེས་རབ་སྐྱེ་ཐུབ་པ་བྱས།བསམ་བྱུང་གི་ཤེས་རབ་ཐོག་ནས་ཡང་ཡང་བསམ་བློ་བཏང་ན་སྒོམ་བྱུང་གི་ཤེས་རབ་རྒྱུད་ལ་སྐྱེ་ཡོང་གི་རེད། སྒོམ་བྱུང་གི་ཤེས་རབ་དེས་ཉོན་མོངས་ལ་བཟོ་བཅོས་བརྒྱག་གི་རེད། ཉོན་མོངས་ལ་འགུལ་སྐྱོད་ཐེབས་རྒྱུ་རེད།  དེ་ཁྱོད་ཚོས་སེམས་ལ་ཞོག ད་ཆ་ངོས་རང་ལོ་ ༨༡ ལ་བསླེབས་ཡོད།

འོན་ཀྱང་ངོས་ལ་དུས་ཚོད་ནམ་བྱུང་སྐབས་དཔེ་ཆ་བལྟས་བསམ་བློ་བཏང་ནས་སྡོད་ཀྱི་ཡོད། སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོ་གཞོན་པ་ཚོ་ལྟ་ཅི་སྨོས། ན་པ་ཚོས་ཀྱང་གང་ཐུབ་བསམ་བློ་བཏང་བ་ཡིན་ན། ཆོས་རྗེ་ས་པཎ་གྱིས། རིག་པ་ནང་པར་འཆི་ཡང་བསླབ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། སྐྱེ་བ་ཕྱི་མར་བཅོལ་བ་ཡི།  ནོར་ལ་རང་ཉིད་ལེན་དང་མཚུངས། ཞེས་སོགས་ཀྱི་བཀའ་སློབ་སྩལ།


སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་༸ཞབས་སོར་འཁོད་པ།

ཕྱི་ལོ་༢༠༡༦ཟླ་༨ཚེས་༧ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་༸ཞབས་སོར་འཁོད་སྐབས། སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས། ས་གནས་ལ་འཚམས་གཟིགས་སུ་ཕེབས་པའི་སྤྱི་འཐུས་རྣམ་པ་གཉིས་དང་། ལ་སྤྱི། སློབ་གྲྭའི་དབུ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་སྦྲེལ་ཚོགས་གཙོ་སོགས་བོད་པའི་ལས་སྣེ་ཁག་གཅིག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི། ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པའི་ཚོགས་གཙོ། ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།

དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། བོད་ཁྱིམ་དབུ་འཛིན་གྱིས་ལས་རིམ་སྙན་སྒྲོན་ཞུས། དེ་ནས་ལ་སྤྱིས་ས་གནས་བོད་མི་ཚོའི་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན་སོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་ཐད་ལས་གཞི་ཇི་སྤེལ་དང་། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་༢༠༡༤དང་འབྲེལ་ལས་གཞི་ལག་བསྟར་ཇི་བྱུང་སོགས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཡིན་པ་དང། མི་རིགས་ཀྱི་རྣམ་པ་མཚོན་ཆེད་དུ་གཙོ་ཆེ་ཤོས་སྐད་ཡིག་ཡིན་སྐོར། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་འདྲ་ཞིག་གི་འོག་ཏུའང་གཞིས་ལུས་བོད་མི་ཚོའི་སེམས་ནང་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་གཡོ་བ་མེད་པར་གནས་ཐུབ་ཡོད་པར་བརྟེན། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་གཞིས་ལུས་བོད་མི་རྣམས་ཀྱི་ཚབ་བྱས་ཏེ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་དེ་དག་བཟུང་རྒྱུའི་ཐད་དམིགས་བསལ་གྱི་འགན་ཞིག་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་འདུག

ཡང་༸གོང་ས་མཆོག་གིས་བོད་དུ་ནང་པ་སངས་རྒྱས་པའི་ཆོས་ཐོག་མར་དར་ཚུལ་དང་། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་བོད་མི་རིགས་ཀྱི་གཅེས་ནོར་ཡིན་པ་སོགས་བཀའ་སློབ་སྩལ་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་སློབ་གྲྭ་ཁག་གི་ནང་དུ་ནང་ཆོས་སློབ་ཁྲིད་གནང་མཁན་ཚོར་ཆོས་དགེ་ཞེས་མ་ཡིན་པར་ལྟ་གྲུབ་སློབ་དཔོན། ཞེས་འབོད་ན་དགེ་མཚན་ཆེ་བའི་སྐོར་བཀའ་སློབ་སྩལ། མཐར་མགོན་པོ་གང་ཉིད་མཆོག་གིས་དེར་བཅར་བའི་ལ་དྭགས་ཀྱི་གནད་ཡོད་མི་སྣ་ཚོར་འདས་པའི་ལོ་ངོ་༦༠རིང་བཙན་བྱོལ་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ།

ཐེངས་འདིར་བོད་ཁྱིམ་དུ་བོད་རིགས་ཚོར་ཟུར་དུ་བཀའ་སློབ་གསོལ་འདེབས་ཞུ་མཁན་ལ་སྤྱི་ལས་ཁུངས་ཡིན་པ་དང་། དགེ་འདུན་པ་དང་། སློབ་ཕྲུག་དང་དྭང་སློབ། དེ་བཞིན་མི་མང་བྱིངས་བཅས་ཁྱོན་མི་གྲངས་༣༠༠༠བརྒལ་བ་བཅར་ཡོད་སྐོར་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་ངོ་སྤྲོད་གནང་བྱུང་། གཞན་ཡང་ཐེངས་འདིར་༸གོང་ས་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་ཆིབས་སྒྱུར་མ་བསྐྱང་གོང་། ལྕོག་ལམ་སར་རུ་ཡོད་པའི་ཟངས་མདོག་དཔལ་རིའི་ཕོ་བྲང་དུ་ཐོན་མི་སམ་བྷོཊས་བོད་ཡིག་གསར་རྩོམ་མཛད་ནས་ལོ་ངོ་༡༣༧༢འཁོར་བའི་རྗེས་དྲན་གྱི་མཛད་སྒོའི་ཐོག་ཆིབས་སྒྱུར་བསྐྱངས་ཡོད། མཛད་སྒོ་གོ་སྒྲིག་དང་ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་ལ་དྭགས་ཧི་མཱ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ཞེས་པ་ཡིན་འདུག


༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གཞུང་མང་གཉིས་ནས་ད་བར་བོད་མིར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་གསུང་གནང་མཛད་པ།

ཕྱི་ལོ་༢༠༡༦ཟླ་༨ཚེས་༧ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་བཀའ་སློབ་སྩལ་དོན།་དང་པོ་དེར་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཞུ་གི་ཡོད། ད་ལྟ་མི་རབས་བརྗེ་འགྲོ་གི་ཡོད། འོན་ཀྱང་བོད་མིའམ་གངས་ཅན་པ་ཞེས་པའི་མིང་འདིའི་འོག་ནས་མི་རབས་གཅིག་གི་རྗེས་གཅིག་མཐུད་ཡོད། བོད་ནང་ཆ་བཞག་ན་མི་རབས་རྒན་པ་ཚོ་རྫོགས་འགྲོ་གི་ཡོད། མི་རབས་གཞོན་པ་ཚོ་གཅིག་མཇུག་གཉིས་མཐུད་བྱས་ནས་འགྲོ་གི་ཡོད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་གྱི་མི་རབས་རྒན་པ་ཚོ་རྫོགས་ནས་གཞོན་པ་ཚོས་མཇུག་མཐུད་ཀྱི་ཡོད། འདིར་ལ་དྭགས་ཆ་བཞག་ན་གཞིས་མི་ཚོ་དང་། དེ་བཞིན་སློབ་ཕྲུག་ཚོ་ཕལ་ཆེར་ཁྱེད་རང་ཚོ་མི་རབས་གསར་པ་རེད། འོན་ཀྱང་ཁྱེད་རང་ཚོ་ཚང་མས་བོད་མིའི་ལྷག་བསམ་དང་ལ་ཞེན་འགྱུར་བ་མེད་པའི་ཐོག་གནས་ཡོད། ལྷག་བསམ་དང་ལ་རྒྱ་ཞེན་ཁོག་ལག་ལེན་གྱི་ཐོག་ནས་གང་བྱེད་དགོས་རེད་ཅེ་ན། སོ་སོའི་མི་རིགས་དང་སྐད་ཡིག་ཟུར་གསལ་ཞིག་ཡོད་པ་དེ་ང་ཚོའི་མི་རིགས་ཀྱི་རྣམ་པ་མཚོན་རྒྱུ་གཙོ་བོ་དེ་སྐད་ཡིག་ཆགས་ཡོད།

ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚང་མས་སོ་སོའི་སྐད་ཡིག་ཐོག་དོ་སྣང་བྱེད་བཞིན་ཡོད། ཨ་རི་དང་། ཁེ་ན་ཌ། སུད་སི་སོགས་སུ་བོད་མི་འདུ་སྡོད་བྱེད་མཁན་མང་ཆེ་བས་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་རྒྱུའི་འབད་བརྩོན་བྱས་ཏེ། དུས་ཚོད་བསྟུན་ཏེ་བོད་ཡིག་གི་འཛིན་གྲྭ་འཚོགས་རྒྱུ་སོགས་བྱེད་བཞིན་ཡོད། གལ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་དཀའ་ངལ་ཚད་མེད་ཀྱི་འོག་སོ་སོའི་མི་རིགས་ཀྱི་ལ་ཞེན་གཡོ་བ་མེད་པ་བྱས་ནས་གནས་ཡོད། བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་ས་ཁུལ་ལ་གངས་ཅན་པ་ཡིན་བསམ་པའི་འདུ་ཤེས་དེ་སྔ་མོ་གཅིག་གྱུར་གྱི་འདུ་ཤེས་ཧ་ལམ་ཕལ་ཆེར་དེ་ཙམ་མེད་པ་ལྟ་བུ་རེད། བར་སྐབས་ཆོལ་ཁ་གསུམ་བོད་མི་ཡོངས་སུ་རྫོགས་པ་གཅིག་གྱུར་གྱི་འདུ་ཤེས་ཤུགས་ཆེན་པོ་ཞིག་མངོན་ཡོང་གི་འདུག གཞིས་ལུས་རྒྱ་ཆེའི་མི་མང་ཚོར་དེ་ཙམ་གྱི་སེམས་ཤུགས་དང་སྙིང་སྟོབས་ཡོད་སྟབས། ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོས་བོད་རྒྱ་ཆེའི་མི་མང་གི་མི་ཚབ་ལྟ་བུ་བྱེད་ཐུབ་པ་བྱེད་དགོས། ང་ཚོ་འདིར་རང་དབང་ཡོད།

འོན་ཀྱང་བོད་ནང་རང་དབང་མེད། ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཉུང་ཤས་ཤིག་ལས་མེད། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་ཙམ་ཡོད་པ་དེ་དག་ལ་དམིགས་བསལ་གྱི་ལས་འགན་ཞིག་ཡོད། བོད་མིས་བོད་པའི་ཞེན་ཁོག་དང་བོད་པའི་ཆོས་དང་རིག་གཞུང་བདག་པོ་བརྒྱག་ཆེད་བོད་ནང་རང་དབང་གཙང་མ་ཞིག་མེད། ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོར་རང་དབང་གཙང་མ་ཡོད་སྟབས་ང་ཚོར་དམིགས་བསལ་གྱི་ལས་འགན་ཞིག་ཡོད། བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་ལ་ཆགས་དགོས་པ་ཞིག་ཀྱང་རེད། ང་ཚོའི་མི་རིགས་འདིར་ཆོས་དང་རིག་གཞུང་ཕྱུག་པོ་ཡོད། ལོ་རྒྱུས་ལྡན་པའི་མི་རིགས་འདི་ཧ་ལམ་ཆགས་དང་འཇིག་གི་མཚམས་ལ་སླེབས་ཡོད་སྟབས། རིག་པ་འགྲིམ་ནས་ཤུགས་བརྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སང་ནང་པའི་ཆོས་ལ་དོ་སྣང་ཡོད་ན་བོད་ཀྱི་ནང་པའི་ཆོས་དེ་ཁུངས་བཙན་པོ་དང་། དངོས་གནས་རྒྱུ་མཚན་ལྡན་པ། ཚན་རིག་དང་མཐུན་པ་ཞིག་ཡོད།

དེར་བརྟེན་ང་ཚོའི་བོད་ཀྱི་ཡི་གེ་དང་ཡི་གེ་དེའི་ནང་ཡོད་པའི་ནང་པའི་ལྟ་གྲུབ་དེ་དག་འཛམ་གླིང་འདིའི་སྒང་ངོམས་སུ་ཆོག་པ་དང་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་ཡོད། ང་ཚོའི་མི་རིགས་ཀྱི་འཐབ་རྩོད་བྱེད་རྒྱུར་ཆབ་སྲིད་ཀྱི་ཐོག་ནས་ལས་འགུལ་བྱེད་རྒྱུ་ཡོང་གི་རེད་དེ་གཙོ་བོ་སོ་སོའི་སྐད་ཡིག་དང་། སྐད་ཡིག་ཐོག་ཡོད་པའི་སོ་སོའི་རིག་གཞུང་། ལྷག་པར་དུ་སངས་རྒྱས་པའི་ལྟ་གྲུབ་རེད། བར་སྐབས་ང་ཚོའི་ཆོས་དགེ་དེ་འདྲས་འཐུས་ཤོར་ཕྱིན་འདུག ཆོས་དགེའི་མིང་བྱས་སློབ་ཁྲིད་བྱེད་རྒྱུ་དེ་ཞལ་འདོན་དང་སུམ་རྟགས་ཁྲིད་རྒྱུ་འདི་འདྲ་ཞིག་རེད།

འདིས་ང་ཚོའི་ཞག་ཚི་འདོན་ཐུབ་ཀྱི་མེད། ལྟ་གྲུབ་ཀྱི་ཐོག་ནས་ཞག་ཚི་འདོན་ཐུབ་རྒྱུ་རེད། ཚན་རིག་པ་དང་མཉམ་གདོང་དང་གདོང་ཐུག་སྟེ་ཉམས་མི་དགོས་པ་ཡོང་ཐུབ་རྒྱུ་དེ་ནང་དོན་རིག་པའི་ལྟ་གྲུབ་ཤེས་ན་ཉམས་དམའ་མི་དགོས་པ་ཞིག་ཡོད། འདི་མ་ཤེས་ན་ཆོད་གང་ཡང་མི་འདུག ང་ཚོ་འདིར་སླེབས་ནས་བ་ཀུ་ལ་ནས་བཟུང་ཇོ་ར་རིག་འཛིན་རེད། ཁྱེད་རང་ཚོ་གྲོགས་པོ་ཚོས་ང་ཚོར་དངོས་གནས་ཤ་ཚ་རྒྱབ་སྐྱོར་ཧ་ཅང་གནང་བ་རེད། ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།།

༸གོང་ས་མཆོག་གིས་མངའ་རིས་ནང་ཆོས་རིག་ལམ་སློབ་གཉེར་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེང་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས།

མངའ་རིས་ནང་ཆོས་རིག་ལམ་སློབ་གཉེར་ཁང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ཐོག་མགོན་པོ་གང་ཉིད་མཆོག་གིས་བཞུགས་གནས་ཕོ་བྲང་ཞི་བའི་ཚལ་ནས་རྒྱང་ཐག་ཀི་ལོ་མི་ཊར་༡༤སར་ཆགས་པའི་ས་ཕུད་གྲོང་གསེབ་ཏུ་རྟེན་གཞི་བྱས་པའི་མངའ་རིས་ནང་ཆོས་རིག་ལམ་སློབ་གཉེར་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེང་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས།

སྐབས་དེར་སློབ་གཉེར་ཁང་གི་དགེ་སློབ་གཙོ་བོར་གྱུར་བའི་གྲོང་གསེབ་ཀྱི་མང་ཚོགས་ཆིག་སྟོང་ཙམ་ལ་༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དང་།ནང་ཆོས་ལ་སློབ་གཉེར་བྱེད་ནས་ཉམས་ལེན་བྱ་དགོས་པ།དེ་བཞིན་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཚང་མས་བྱམས་པ་དང་བརྩེ་བའི་བསླབ་བྱ་གཅིག་མཚུངས་གསུང་བཞིན་ཡོད་པས་ཆོས་ལུགས་དབར་ཕན་ཚུན་གུས་བརྩིཞུ་དགོས་པའི་བཀའ་སློབ་སྩལ་བ་དང་སྦྲགས།མང་ཚོགས་ཀྱི་ཆེད་དུ་དཀའ་ངལ་ལ་མ་འཛེམས་པར་ལས་སྣེ་ཚོས་ཤེས་ཡོན་བསྟི་གནས་ཁང་དེ་འདྲ་གསར་འཛུགས་གནང་ཐུབ་པར་བསྔགས་བརྗོད་ཀྱང་མཛད།

སློབ་གཉེར་ཁང་འདི་ནི་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་ཁག་གི་ནང་སློབ་གཉེར་གནང་མཁན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་ཚོར་སློབ་གཉེར་གནང་གྲུབ་རྗེས་སོ་སོའི་ལུང་པར་ལོག་ནས་མང་ཚོགས་ལ་ཕན་ཐོགས་བསྒྲུབ་དགོས་པའི་བཀའ་སློབ་ཕེབས་དོན་ལྟར།སེར་བྱེས་དགེ་བཤེས་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཐོག་མར་ཕྱི་ལོ་༢༠༠༦ལོར་གསར་འཛུགས་ཀྱི་ལས་གཞི་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་།ད་ལྟའི་ཆར་ད་ཕྲུག་དང་ཕ་མ་ཡ་བྲལ། ཁྱིམ་ཚང་ཉམ་ཐག་སོགས་ཀྱི་ཕྲུ་གུ་གྲངས་ ༤༥ ཙམ་ལ་སྡོད་ཁང་དང་། འཛིན་ཁང་།དཔེ་མཛོད་ཁང་།སྨན་ཁང་སོགས་ཀྱི་མཐུན་རྐྱེན་སྦྱར་ཏེ་གསོ་སྐྱོང་གནང་བཞིན་ཡོད་འདུག

ཕྱོགས་མཚུངས་བསྟི་གནས་ཁང་དེས་ས་གནས་ཀྱི་སྐྱ་བོ་ཕོ་མོ་དབྱེར་མེད་ལ་ནང་ཆོས་ངོ་སྤྲོད་ཀྱིས་མཚོན་ཤེས་ཡོན་ཐོག་མཐུན་འགྱུར་གནང་བཞིན་ཡོད་འདུགགཞན་ཡང་དབུ་འབྱེད་རབ་གནས་ཀྱི་མཛད་སྒོའི་ཐོག་ཁ་ཆེ་དང་ཡེ་ཤུའི་ཆོས་པ་ཁག་གཅིག་ཀྱང་བཅར་འདུགདབུ་འབྱེད་རབ་གནས་ཀྱི་མཛད་སྒོ་ཡོངས་སུ་ལེགས་གྲུབ་རྗེས་༸གོང་ས་མཆོག་ས་ཕུད་ནས་སྤྱི་ལེ་༡༨ཙམ་གྱི་སར་ཆགས་པའི་ཏོག་གྲོང་གསེབ་ཏུ་སིདྡཱར་ཐ་འབྲིང་རིམ་སློབ་གྲྭར་ Siddhartha High School ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་མ་ཁྱོན་གྲངས་ ༤༠༠ལྷག་ལ་བཀའ་སློབ་ཀྱི་ནང་དོན་སྙིང་པོར་དུས་རབས་གསར་པ་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་ཡོང་བར་གཙོ་ཆེ་ཤོས་གཞོན་སྐྱེས་ཚོས་ད་ལྟ་ནས་འགན་ཁུར་བླང་དགོས་སྐོར་སོགས་ཀྱི་བཀའ་སློབ་སྩལ།སྤྱིར་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་དེར་ཆིབས་སྒྱུར་བསྐྱངས་ཐེངས་གསུམ་པ་དེ་ཆགས་ཡོད་འདུག

སིདྡཱར་ཐ་འབྲིང་རིམ་སློབ་གྲྭའི་མཛད་འཕྲིན་སྒྲུབ་རྗེས།ཏོག་གྲོང་གསེབ་ཀྱི་ལ་དྭགས་དམག་ཟུར་ཚོགས་པ། ལྷག་བསམ་ཚོགས་པས་གསོལ་འདེབས་ཞུས་པ་བཞིན། གྲོང་གསེབ་ཀྱི་དབུས་སུ་གསར་བཞེངས་ལེགས་གྲུབ་བྱུང་བའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་མཐོ་ཚད་ཕི་ཊི་༧༡ཅན་ཞིག་ལ་རབ་གནས་བཀའ་དྲིན་བསྐྱངས་པ་དང་། དེར་འདུས་པའི་ས་གནས་མང་ཚོགས་ཆིག་སྟོང་ཙམ་ལ་སྟོན་པ་རྗེས་དྲན་ཆེད་དུ་སྐུ་བརྙན་བཞེངས་པ་ཙམ་མིན་པར་གཙོ་བོ་སྟོན་པའི་གསུང་ལ་སློབ་གཉེར་གྱིས་ཉམས་ལེན་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་སྩལ།སྟོན་པའི་སྐུ་བརྙན་དེ་བཞིན་ཏོག་གི་དམག་མི་ཟུར་པའི་ཚོགས་མི་རྣམ་པས་འགན་ཁུར་བླངས་ཏེ་བཞེངས་པ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༢ལོར་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་བ་ཀུ་ལ་མཆོག་རྣམ་གཉིས་ཀྱིས་ས་གཞིར་བྱིན་རླབས་གནང་གྲུབ་པ་དང་།ཕྱི་ལོ་༢༠༡༥ལོར་གསར་བཞེངས་ལེགས་གྲུབ་བྱུང་བ་ཞིག་ཡིན་འདུགདེ་ཉིན་༸གོང་ས་མཆོག་དང་ལྷན་དུ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སོགས་ལྷན་བཅར་ཞུས་ཡོད་པ་བཅས།།

༸གོང་ས་མཆོག་གིས་ལ་དྭགས་ཁྲིག་རྩེ་དགོན་དུ་དབྱར་ཆོས་ཆེན་མོ་དབུ་འབྱེད་མཛད་པ་དང་སྦྲགས་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ།
ཕྱི་ ལོ་༢༠༡༦ཟླ་༨ཚེས་༩ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༢༠ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་༡༥ཙམ་གྱི་སར་ཆགས་པའི་ལ་དྭགས་ཁྲིག་རྩེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་༸ཞབས་སོར་འཁོད་སྐབས། དགོན་པའི་མཁན་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་མཆོག་གིས་དབུས། ༸སྐྱབས་རྗེ་དགའ་ ལྡན་ཁྲི་རིན་པོ་ཆེ་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ། དེ་བཞིན་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དང་དགེ་བཙུན་རྣམ་པ། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག དེ་བཞིན་ཁ་ཆེའི་ཆོས་པའི་སྐུ་ ཚབ། ཆོས་རྭའི་ནང་འདུས་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མང་ཚོགས་ ཁྱོན་གྲངས་༦༠༠༠བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ ཐོགས་ཏེ་དགའ་དད་སྤྲོ་གསུམ་ངང་དགོན་པའི་ཆོས་རྭའི་ནང་གདན་ཞུ་གནང་། ༸གོང་ས་ མཆོག་གིས་ལ་དྭགས་ཁྲིག་རྩེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་དུ་དབྱར་ཆོས་ཆེན་མོ་ དབུ་འབྱེད་མཛད་སྒོའི་ཐོག་དབུ་བཞུགས་མཛད་པ་དང་། ཁྲིག་རྩེ་དགོན་པ་དང་མང་ཚོགས་ ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་ གཟེངས་རྟགས་འབུལ་ལམ་ཞུས་འདུག།

དེ་ཡང་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པའི་གཙུག་ལག་ཁང་གསར་པ་རྟེན་དང་བརྟེན་པ་བཅས་པ་རབ་གནས་བཀའ་དྲིན་བསྐྱངས་པ་དང་སྦྲགས། སྣང་གསལ་ཞལ་ཕྱེ་མཛད། དེ་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་ གསུམ་འདེགས་འབུལ་ཞུས་རྗེས་དགོན་པའི་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུང་ འདོན་གནང་། དེ་ནས་ཁྲིག་རྩེ་མཁན་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་དགུང་གྲངས་ ༨༠ཕེབས་པའི་༸སྐུའི་གྱ་སྟོན་རྟེན་འབྲེལ་དང་འབྲེལ། ཁྲིག་རྩེ་སེར་སྐྱ་མང་ཚོགས་ ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་མཚོན་སླད་གསེར་གྱི་གཟེངས་རྟགས་འབུལ་ལམ་ ཞུས་པ་ཐུགས་དགྱེས་བཞེས་མཛད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དུས་ རྒྱུན་ངོས་ཀྱིས་མང་ཚོགས་ལ་སྐད་ཆ་ཤོད་སྐབས་སྤུན་མཆེད་ཕོ་མོ། ཞེས་འབོད་བཞིན་ཡོད། དེ་རིང་འདིར་ཡང་དེ་མཚུངས་ཞུ་འདོད་བྱུང་། ང་ཚོ་ཚང་མ་ འགྲོ་བ་མི་གཅིག་གྱུར་ཆགས་ཡོད་ལ། ཆ་ལུགས་དང་སྐད་རིགས། ཆོས་ལུགས་མི་འདྲ་བ་ ཡོད་ཀྱང༌། ས་ཆ་འདིའི་སྒང་ལ་ང་ཚོ་བསྡད་ནས་འཛོམས་སྐབས་མི་དང་མིའི་བརྩེ་བ་དང་ མི་དང་མིའི་གྲོགས་པོའི་འདུ་ཤེས་བྱས་ནས་འཛོམས་ཡོང་གི་ཡོད། ཁྲིག་སེ་རིན་པོ་ ཆེར་མང་ཚོགས་ནས་བཀའ་དྲིན་རྗེས་དྲེན་མཚོན་སླད་༸གོང་ས་མཆོག་གིས་ལེགས་གསོལ་ ཕྱག་རྟགས་གསོལ་སྩལ་མཛད་པ། སྐུ་པར་མཐུན་འགྱུར་དགའ་ལྡན་ཕོ་བྲང་ཡིག་ཚང་།

དེར་བརྟེན་ས་ཆ་འདིའི་སྟེང་འཛོམས་པའི་ང་ཚོ་མི་ཚང་མ་གཞི་རྩའི་ཆ་ནས་མི་གཅིག་གྱུར་ ཆགས་ཡོད། མི་གཅིག་གྱུར་ཡིན་པའི་ཆ་ནས་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་ པ་གཅིག་གྱུར་ཡིན་སྟབས། གལ་ཆེ་ཤོས་སྡུག་བསྔལ་སེལ་རྒྱུ་དང་།བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་གཅིག་གྱུར་ཡོད། གཞི་བརྟེན་དེའི་ཐོག་ནས་ང་ཚོ་མི་དང་མི་ཕན་ཚུན་བར་བརྩེ་བ་དང་རོགས་བྱ་རྒྱུ་གཞི་རྩ་འདིའི་ཐོག་ནས་ཡོང་དགོས་ཀྱི་ཡོད། ང་ཚོ་འཛམ་གླིང་འདིའི་ཐོག་མིས་བཟོས་པའི་དཀའ་ངལ་མང་པོ་ཡོད་ལ། དེ་དག་ང་ཚོས་མི་གཅིག་གྱུར་གྱི་འདུ་ཤེས་གལ་འགངས་ཆེན་པོར་མ་བརྩིས་པར་ནང་གསེས་མི་རིགས་མི་འདྲ་བ་དང་། ཆོས་ལུགས་མི་འདྲ་བ། མཚོན་མདོག་མི་འདྲ་བ། རྒྱལ་ཁབ་དང་ལམ་ལུགས་མི་འདྲ་བ། དབུལ་ཕྱུག་མི་འདྲ་བ། ཤེས་ཡོན་ཡོད་མེད་དང་། རིགས་རུས་སོགས་མི་འདྲ་བ་ཕྲན་ བུ་ཡོད་པ་དེ་དག་ལ་ང་ཚོས་གལ་གནད་ཆེན་པོར་རྩི་ཡོང་སྐབས་རྙོག་གྲ་ཞིག་ཡོང་བཞིན་ཡོད། རྙོག་གྲ་དེ་སེལ་བར་ད་ཆ་ང་ཚོས་མི་གཅིག་གྱུར་གྱི་འདུ་ཤེས་འདི་གལ་ཆེན་ པོར་བརྩི་དགོས། ངོས་རང་འཛམ་གླིང་འདིའི་སྒང་གི་ཡུལ་ལུང་འདྲ་མིན་ལ་སླེབ་བཞིན་ ཡོད། མི་སྣ་འདྲ་མིན་དང་ཐུག་འཕྲད་ཡོང་གི་ཡོད། མི་ཐུག་སྐབས་མི་གཅིག་པ་ཡིན་བསམ་པའི་ཀུན་སློང་ འཁྱེར་གྱི་ཡོད་པ་ལས་ངོས་རང་ནང་པ་ཡིན་པ་དང་། བོད་པ་ཡིན། ངོས་རང་༸སྐྱབས་མགོན་ཏཱ་ལའི་བླ་མ་ཡིན་བསམ་པ་གཏན་ནས་བསམ་བློ་གཏོང་གི་མེད། མི་ གཅིག་པ་ཡིན་བསམ་པའི་ཐོག་ནས་ཐུག་སྐད་ཆ་བཤད་ནས་འགྲོ་གི་ཡོད།

ད་ལྟ་འཛམ་ གླིང་འདིའི་སྟེང་རང་བཞིན་འབྱུང་བའི་གནོད་པ་ཇེ་ཆེར་འགྲོ་བཞིན་འདུག འཛམ་གླིང་ཚ་དྲོད་རྒྱས་བཞིན་པ་དེས་རྐྱེན་པས་རང་བཞིན་འབྱུང་བའི་གནོད་པ་འདི་མུ་མཐུད་ནས་ ཆེ་རུ་འགྲོ་ངེས་རེད། རང་བཞིན་འབྱུང་བའི་གནོད་པ་འདི་ལྟ་བུ་ཞིག་ཡོད་མུས་ཁར་ད་དུང་ང་ཚོ་མི་རང་ཉིད་ཀྱིས་བཟོས་པའི་རྙོག་གྲ་དེ་དག་དང་དུ་བླངས་པའི་ཐོག་ནས་ད་ དུང་རྙོག་གྲ་བཟོ་བསྡད་ན་ཕན་ཐོགས་གང་ཡོད་དམ། མི་ཟེར་བ་དེ་དུད་འགྲོ་ལྟར་བསམ་ བློའི་རྣམ་དཔྱོད་མེད་ན་གནས་ཚུལ་ཐ་དད་རེད། དུད་འགྲོ་ལྟར་མིན་པར་ཏོག་ཙམ་འཕྲལ་ ཕུགས་རྒྱང་གསུམ་གྱི་བསམ་བློ་འཁོར་མཁན་ཞིག་ཡིན་ན། ད་ཆ་ང་ཚོ་མིས་བཟོས་པའི་རྙོག་གྲ་འདི་ཙམ་གྱི་འགྲིག་པ་འདུག ད་རྙོག་གྲ་མི་ཡོང་བ་ཞིག་བྱེད་དགོས་སྙམ་ པའི་བསམ་བློ་ཚང་མས་གཏོང་དགོས་ཚོད་རེད། འཛམ་གླིང་སྤྱི་ལ་ཕན་པ་ཞིག་དང་སྐྱིད་ པོ་ཡོང་བར་འདོད་ན། ཐོག་མར་རང་ཉིད་ཀྱི་ཉེ་འཁོར་ལ་འཆམ་མཐུན་དང༌། སོ་སོའི་ཉེ་ འཁོར་ལ་དྲང་བདེན། དེ་བཞིན་ཞི་བདེ་བག་ཕེབས་ཡོང་བ་ཞིག་བཟོ་དགོས་པ་དང༌། དེ་ནས་ ཁྱིམ་མཚེས་དང་། སྤྱི་ཚོགས།ཡུལ་ལུང་དང་རྒྱལ་ཁབ་བཅས་རིམ་བཞིན་འཛམ་གླིང་སྤྱི་ ལ་ཞི་བདེ་ཡོང་ངེས་རེད།

དེར་བརྟེན་ང་ཚོ་ཚང་མར་འགན་ཡོད། སྐད་ཆ་འདི་ངོས་རང་ས་ཆ་གང་དུ་བསླེབས་ཀྱང་འདི་ལྟར་ཤོད་བཞིན་ཡོད། ངོས་རང་སྒེར་ལ་མཚོན་ན་མི་ལ་ཕན་ན་བསམས་ནས་སྐད་ཆ་འདི་འདྲ་ཤོད་སྐབས་སོ་སོ་སྒེར་ལའང་ཕན་ཐོགས་འདུག སོ་སོ་ལའང་ཁེ་ཕན་འདུག ངོས་ལ་འཛམ་གླིང་འདིའི་སྒང་གྲོགས་པོ་ཧ་ཅང་མང་པོ་ཡོད། གྲོགས་པོ་དེ་དག་ངོས་ཀྱིས་ཚང་མར་ཕན་སེམས་དང་མི་དང་མི་གཅིག་གྱུར་འདུ་ ཤེས་བཞག་ནས་ཕྱིན་སྟབས་གྲོགས་པོ་མང་པོ་ཆགས་ཡོད། ངོས་རང་༸རྒྱལ་བ་རིན་པོ་ཆེ་ཡིན། ཁ་ཆེའི་སྐུ་ཚབ་མཆོག་གི་གསུང་བཤད་གྲུབ་རྗེས། སྐུ་པར་མཐུན་འགྱུར་དགའ་ལྡན་ཕོ་བྲང་ཡིག་ཚང་། ཁ་ཆེའི་སྐུ་ཚབ་མཆོག་གི་གསུང་བཤད་གྲུབ་རྗེས། སྐུ་པར་མཐུན་འགྱུར་དགའ་ལྡན་ཕོ་བྲང་ཡིག་ཚང་། ངོས་རང་བླ་མ་ཧ་ཅང་རྩ་ཆེན་པོ་ཡིན་བསམས་ནས་བསྡད་ན་གྲོགས་པོ་ཡོང་རྒྱུ་མེད། དེ་རིང་འདིར་ཁྲིག་སེ་རིན་པོ་ཆེའི་དབྱར་ཆོས་ཀྱི་འཛིན་གྲྭ་འཚོགས་རྒྱུ། དབྱར་ཆོས་དང་པོ་དེ་ལ་དྭགས་ཀླུ་འཁྱིལ་དགོན་དུ་ཧ་ཅང་ཡག་པོ་བྱུང་སོང་། དེ་རྗེས་དཔེ་ཐུབ་ལའང་ཧ་ཅང་ཡག་པོ་བྱུང་སོང་། དེ་རིང་འདིར་ཁྲིག་སེ་རིན་པོ་ཆེས་གྲ་སྒྲིག་ གནང་ནས་ཧ་ཅང་ཡག་པོ་བྱུང་སོང་། སློབ་ཕྲུག་ཕོ་མོ་ཚོ་རེད། དེ་བཞིན་གྲྭ་བཙུན་ ཚོས་ཀྱང་འདིར་རྟགས་གསལ་གཏོང་བ་འདི་ཧ་ཅང་ཡག་པོ་བྱུང་། ཁྱེད་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དེ་རིང་འདིར་ཁྲིག་སེ་རིན་པོ་ཆེས་གྲ་སྒྲིག་གནང་རྒྱུ་འདི་དག་ཧ་ཅང་ཡག་པོ་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ ཡིན། ངོས་ལ་གསེར་གྱི་རྟགས་མ་ཞིག་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐྱོ་ བོ་བྱུང་ན་གསེར་གྱི་རྟགས་མ་འདི་བཙོང་རྒྱུ་ཡིན། ཞེས་ཞལ་ཤོབ་མཛད། དེ་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།

དེ་རིང་འདིར་ཆབ་སྲིད་ཀྱི་མི་སྣ་དང་། ཕྱོགས་མཚུངས་ཁ་ཆེའི་ཆོས་ལུགས་ཀྱི་ཤི་ཡ་དང་སུན་ནི་སྡེ་ཚན་གྱི་སྐུ་ཚབ་འཐུས་མི་རྣམ་པས་གསུང་བཤད་དངོས་གནས་སྙིང་ཁོངས་རུས་པའི་གཏིང་ནས་ཞེས་བརྗོད་ཆོག་རྒྱུ་རེད། ཁ་ནས་འདྲ་ཆག་པོ་དང་མཛེས་པོ་མིན་པར་དངོས་གནས་སོ་སོའི་ཚོར་བ་ཡོད་པ་ཞིག་ཐོག་ནས་གསུང་བཤད་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་འདི་གར་ཁྲི་རིན་པོ་ཆེ་ཁོང་གི་སྐུ་མདུན་ནས་ངོས་ཀྱིས་གསུང་ཆོས་མང་པོ་ཞུས་ཡོད། སྐབས་རེ་རིན་པོ་ཆེའི་གསུང་འདི་དེ་ཙམ་གསལ་པོ་གོ་ཡི་མི་འདུག གང་ལྟར་རིན་པོ་ཆེས་དངོས་གནས་དྲང་གནས་བསྟན་པའི་ཁུར་བཞེས་མཁན་བསམ་གྱིས་མི་ཁྱབ་པ་རེད། དགེ་སློང་འདུལ་བ་འཛིན་པ་བསམ་གྱིས་མི་ཁྱབ་པ་རེད། མཁས་གྲུབ་གཉིས་ལྡན་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འཛམ་གླིང་འདིའི་སྟེང་ཐབས་སྐྱོ་བ་ཞིག་ལ་རྙོག་གྲ་ཡོང་རྒྱུའི་རྐྱེན་རྩ་གཅིག་ཆོས་དད་མི་འདྲ་བ་ཡོད་པའི་ཐོག་ནས་ཡོང་བཞིན་འདུག ཧ་ཅང་བློ་ཕམ་པོ་རེད། བྱམས་པ་དང་བརྩེ་བའི་བསླབ་བྱའི་འབྱུང་ཁུངས་སུ་བརྩི་རྒྱུའི་རིས་སུ་མ་ཆད་པའི་ ཆོས་རྒྱུད་འདི་ཆགས་སྡང་འཕེལ་གཞིར་ཕྱིན་པ་ཡིན་ན། དངོས་གནས་སྨན་དུག་ཏུ་ཕྱིན་ པ་ལྟར་རེད། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་ ཐོག་ལ་ལོ་མང་པོའི་རིང་ནས་འབད་བརྩོན་བྱེད་བཞིན་ཡོད། ལུང་པ་གང་སར་ངོས་ཀྱིས་རྟག་པར་ཤོད་ཀྱི་ཡོད། ཕན་ཐོགས་ཀྱང་གང་ཙམ་འདུགལ་དྭགས་ལ་ ཆ་མཚོན་ན་ནང་པ་དང༌ཁ་ཆེའི་བར་འབྲེལ་བ་ཡག་པོ་འདུག་ལ། ཁ་ཆེའི་ནང་ཁུལ་དུའང་ཤི་ ཡཱ་དང་སོ་ནིའི་བར་འབྲེལ་བ་ཡག་པོ་ཡོད་པ་ཞིག་མཐོང་བྱུང་། དེ་ནི་འཛམ་གླིང་ སྤྱི་ལ་མིག་དཔེ་སྟོན་ཐུབ་པའི་ནོར་བུ་ཞིག་ཡིན་པས་དེ་ལ་བདག་པོ་ཡག་པོ་རྒྱག་ རོགས། ག་ལེར་ནོར་བུའི་འོད་ཟེར་འཕྲོས་ཏེ་རྒྱ་གར་ཡོངས་དང༌། དེ་ནས་འཛམ་གླིང་ སྤྱི་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་ང་ཚོ་ཚང་མའི་ལས་འགན་རེད། ཁྱེད་རང་ཚོས་ལ་ དྭགས་གཅིག་པུར་བསམ་བློ་བཏང་ནས་མི་སྡོད་པར་བསམ་བློ་རྒྱ་ཆེན་པོ་གཏོང་ རོགས། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པ་བྱེད་པ་ཁོ་ན་ འོ།། ཞེས་གསུངས་ཡོད། སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ལྷ་ཁང་རྫིག་པོ་དང་། སྐུ་རྫིག་པོའི་སྐད་ཆ་མིན་པར་ཐོས་བསམ་སློབ་གཉེར་ཡག་པོ་ཞིག་བྱས་ཏེ་ནང་གི་གཤིས་ རྒྱུད་ཡག་པོ་ཡོད་པ་དེ་ལུང་གི་བསྟན་པ་དང་། དེ་ལག་ལེན་དང་ཉམས་ལེན་བྱས་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཞི་ཞིང་དུལ་བ་ཞིག་ལ་རྟོགས་པའི་བསྟན་པ་ཞེས་བརྗོད་ ཆོག་པ་ཡིན། མི་མང་པོ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་བརྗོད་ཀྱི་ཡོད་ཀྱང༌། བསྟན་པ་ངོ་མ་གང་ཡིན་ངོས་འཛིན་ཐུབ་ཀྱི་མི་འདུག    ཅེས་སོགས་ཀྱི་བཀའ་སློབ་སྩལ།

དེ་རྗེས་མཛད་སྒོའི་ཐོག་ཁྲིག་རྩེ་མཁན་རིན་ པོ་ཆེ་མཆོག་གིས་དགོན་པའི་ལོ་རྒྱུས་དང་དབྱར་ཆོས་ཆེན་མོའི་དམིགས་ཡུལ་སོགས་ སྙན་སེང་དང་།སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་ཡོད་པ་ མ་ཟད།ལ་དྭགས་རང་སྐྱོང་ཚོགས་པའི་སྡེ་དཔོན་འབུམ་རམས་པ་བསོད་ནམས་ཟླ་བ་ལགས་དང་ རྒྱ་གར་གྱི་མཉམ་སྦྲེལ་དང་ལ་དྭགས་དོན་རྩའི་བློན་ཆེན་སྐུ་ཞབས་ཚེ་རིང་རྡོ་རྗེ་ མཆོག་བཅས་ཀྱིས་གསུང་བཤད་གནང་།དེ་བཞིན་ས་གནས་ཀྱི་ཁ་ཆེ་ཤི་ཡ་དང་སུ་ནིའི་ཆོས་ ལུགས་ཀྱི་སྐུ་ཚབ་ཤེག་ མོ་ཧྭ་མད་ཇ་ཝེད་ Shiekh Mohammad Javed མཆོག་དང་། མོལ་ཝི་ ཨབ་དྷུལ་ཀ་ཡོམ་ནག་ཝི་ Maulwi Abdul Kayom Nakhwi མཆོག་བཅས་རྣམ་གཉིས་ཀྱིས་གསུང་བཤད་གནང་། ཕྱི་ནང་སྦྱིན་བདག་ཡོངས་ཀྱིས་ཁྲིག་རྩེ་མཁན་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་ གསོལ་གྱི་གཟེངས་བསྟོད་ཕྱག་རྟགས་ཤིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ ནས་བསྩལ་ཡོད། ལ་དྭགས་དབྱར་ཆོས་ཆེན་མོ་དང་པོ་དེ་ཕྱི་ལོ་ ༢༠༡༤ ལོར་ཀླུ་འཁྱིལ་དགོན་པར་གནང་བ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༡༥ ལོར་དཔེ་ཐུབ་དགོན་པར་གནང་ཡོད། ད་ལམ་ཐེངས་གསུམ་པ་དེ་ཁྲིག་རྩེ་དགོན་པར་གནང་བ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།