བྱེས་ཀྱི་བོད་མི་ཚོར་དམིགས་བསལ་གྱི་འགན་ཞིག་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༨ཉིན་སྤེལ།  ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་གཞིས་ལུས་བོད་མི་རྣམས་ཀྱི་ཚབ་བྱས་ཏེ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་དེ་དག་བཟུང་རྒྱུའི་ཐད་དམིགས་བསལ་གྱི་འགན་ཞིག་ཡོད།


དེ་ཡང་ཕྱི་ལོ་༢༠༡༦ཟླ་༨ཚེས་༧ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ཉིན་ལ་སྤྱི་ལས་ཁུངས་ཀྱིས་ཟུར་དུ་བོད་རིགས་ཚོར་བཀའ་སློབ་གསོལ་འདེབས་ཞུས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་༸ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས། ས་གནས་ལ་འཚམས་གཟིགས་སུ་ཕེབས་པའི་སྤྱི་འཐུས་རྣམ་པ་གཉིས་དང་། ལ་སྤྱི། སློབ་གྲྭའི་དབུ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་སྦྲེལ་ཚོགས་གཙོ་སོགས་བོད་པའི་ལས་སྣེ་ཁག་གཅིག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི། ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པའི་ཚོགས་གཙོ། ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ། དགེ་འདུན་པ། སློབ་ཕྲུག དྭང་སློབ། དེ་བཞིན་མི་མང་བྱིངས་བཅས་ཁྱོན་མི་གྲངས་༣༠༠༠ལྷག་ལ་བླངས་དོར་ལམ་སྟོན་གྱི་བཀའ་སློབ་སྩལ་གནང་འདུག

དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། བོད་ཁྱིམ་དབུ་འཛིན་གྱིས་ལས་རིམ་སྙན་སྒྲོན་ཞུས། དེ་ནས་ལ་སྤྱིས་ས་གནས་བོད་མི་ཚོའི་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན་སོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་ཐད་ལས་གཞི་ཇི་སྤེལ་དང་། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་༢༠༡༤ དང་འབྲེལ་ལས་གཞི་ལག་བསྟར་ཇི་བྱུང་སོགས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། མི་རིགས་ཀྱི་རྣམ་པ་མཚོན་ཆེད་དུ་གཙོ་ཆེ་ཤོས་སྐད་ཡིག་ཡིན་སྐོར། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་འདྲ་ཞིག་གི་འོག་ཏུའང་གཞིས་ལུས་བོད་མི་ཚོའི་སེམས་ནང་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་གཡོ་བ་མེད་པར་གནས་ཐུབ་ཡོད་པར་བརྟེན། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་གཞིས་ལུས་བོད་མི་རྣམས་ཀྱི་ཚབ་བྱས་ཏེ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་དེ་དག་བཟུང་རྒྱུའི་ཐད་དམིགས་བསལ་གྱི་འགན་ཞིག་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།

ཡང་༸གོང་ས་མཆོག་གིས་བོད་དུ་ནང་པ་སངས་རྒྱས་པའི་ཆོས་ཐོག་མར་དར་ཚུལ་དང་། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་བོད་མི་རིགས་ཀྱི་གཅེས་ནོར་ཡིན་པ་སོགས་བཀའ་སློབ་སྩལ་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་སློབ་གྲྭ་ཁག་གི་ནང་དུ་ནང་ཆོས་སློབ་ཁྲིད་གནང་མཁན་ཚོར་ཆོས་དགེ་ཞེས་མ་ཡིན་པར་ལྟ་གྲུབ་སློབ་དཔོན། ཞེས་འབོད་ན་དགེ་མཚན་ཆེ་བའི་སྐོར་བཀའ་སློབ་སྩལ། མཐར་མགོན་པོ་གང་ཉིད་མཆོག་གིས་དེར་བཅར་བའི་ལ་དྭགས་ཀྱི་གནད་ཡོད་མི་སྣ་ཚོར་འདས་པའི་ལོ་ངོ་༦༠རིང་བཙན་བྱོལ་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་གནང་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།