ནང་ཚན་སྐོར་གྱི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུཊ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༡ཉིན་སྤེལ། ལུས་སེམས་གཉིས་ལ་ཕན་སྟོབས་ཆེ་བའི་ནང་ཆོས་དང་ཚན་རིག་ལ་སློབ་གཉེར་གནང་སྟེ་སྤྱི་ཚོགས་ནང་ལག་ལེན་འཁེལ་ཐུབ་པ་བྱེད་དགོས།

དེ་ཡང་དེ་རིང་སྔ་དྲོའི་ཆུ་ཚོད་༩།༣༠སྟེང་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་གྱི་དབུས་སྣེ་ལེན་ཁང་གི་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་དང་ཆོས་རིག་ལས་ཁུངས་གཉིས་ཐུན་མོང་གི་གོ་སྒྲིག་འོག་གྲྭ་བཙུན་སྐོར་ཞིག་ལ་བདུན་ཕྲག་གཉིས་རིང་དེང་དུས་ཚན་རིག་སྐོར་གྱི་ཟབ་སྦྱོང་ཐེངས་གསུམ་པ་དེ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚན་རིག་གི་ཟབ་སྦྱོང་ཐེངས་གསུམ་པའི་ཐོག་ཕེབས་གནང་མཁན་གྱི་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་ཀརྨ་ཐུབ་བསྟན་ལགས། ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས། དེང་དུས་ཚན་རིག་སློབ་གཉེར་བ་གྲྭ་བཙུན་༣༢བཅས་འདུ་འཛོམས་གནང་འདུགalt

སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་དང་ཚན་རིག་གི་ཟབ་སྦྱོང་གི་བྱུང་རིམ་སྐོར་ལ་གསུང་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོན་སྡེ་ཁག་ནང་དེང་དུས་ཚན་རིག་སློབ་གཉེར་གནང་དགོས་པའི་བཀའ་དགོངས་གཞིར་བཟུང་ཐོག བོད་ཀྱི་དཔེ་མཛོད་ཁང་གིས་འགན་ཁུར་བའི་ཐོག་ནས་དེང་དུས་ཚན་རིག་ལ་སློབ་གཉེར་དང་ཟབ་སྦྱོང་གི་ལས་གཞི་དེ་ཕྱི་ལོ་༡༩༩༩ལོ་ནས་མགོ་བཙུགས་བ་དང་། དགོན་སྡེ་ཁག་ནང་དེང་དུས་ཚན་རིག་གི་སློབ་དེབ་ཁག་༡༢ལྷག་བཟོས་ཡོད་ཅིང་། ཚན་རིག་སློབ་འཁྲིད་གནང་མཁན་མེད་པའི་དཀའ་ངལ་སོགས་ལ་བརྟེན་ནས། ལས་གཞི་དེ་ལག་ལེན་འཁེལ་ཐུབ་མེད་ནའང་། ཕྱིས་སུ་དེང་དུས་ཚན་རིག་སློབ་གཉེར་བ་ཚོར་དམིགས་བསལ་སྡེ་ཚན་བཟོས་ཏེ་དབྱིན་ཡིག་སློབ་འཁྲིད་དང་ཟབ་སྦྱོང་སོགས་སྤྲོད་བཞིན་སྐོར་བརྗོད་སོང་། ནང་ཆོས་དང་ཚན་རིག་གི་འབྲེལ་བའི་སྐོར་ལ་ཁོང་གིས་མུ་མཐུད་གསུང་དོན། དེང་དུས་ཚན་རིག་ལ་སློབ་གཉེར་གནང་མཁན་ཚོས་ཚན་རིག་གི་དཔེ་དེབ་མང་པོ་ཀློག་པ་དང་། ནང་ཆོས་དང་ཚན་རིག་གཉིས་ཞིབ་བསྡུར་བྱས་ཏེ། སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ནང་ཆོས་དང་ལུས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་དེང་དུས་ཚན་རིག་ལ་སློབ་གཉེར་གནང་སྟེ་སྤྱི་ཚོགས་ནང་ལག་ལེན་འཁེལ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་གསར་འགོར་པར་བརྗོད་དོན། དེ་རིང་གི་ཟབ་སྦྱོང་དེ་དགེ་འདུན་པའི་ཚན་རིག་ངོ་སྤྲོད་ཟབ་སྦྱོང་ཐེངས་གསུམ་པ་དེ་ཆགས་བསྡད་ཡོད་པ་དང་། ཟབ་སྦྱོང་ཐེངས་གཉིས་པ་དེ་ན་ནིང་དབུས་སྣེ་ལེན་ཁང་དུ་གོ་སྒྲིག་ཞུས་ཡོད་པ་དང་། ཟབ་སྦྱོང་ཐེངས་དང་པོ་དེ་དཔལ་སྤུངས་ཤེས་རབ་གླིང་དུ་གོ་སྒྲིག་ཞུས་ཡོད་ལ། ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་གྲྭ་ས་ཁག་ཏུ་ཚན་རིག་འཛིན་གྲྭ་མེད་མཁན་ཚོའི་ཆེད་དུ་ཆོས་རིག་ལས་ཁུངས་དང་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་གྱིས་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། དེ་ཡང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་གིས་དགེ་འདུན་པས་དེང་དུས་ཚན་རིག་ལ་བསླབ་པ་སློབ་གཉེར་གནང་རྒྱུ་དང་། ད་ལན་གྱི་ཚན་རིག་ཟབ་སྦྱོང་ནང་ཆོས་རིག་ལས་ཁུངས་ཀྱི་ལྟ་སྐྱོང་འོག་ཡོད་པའི་དགོན་སྡེ་ ༦༠ལྷག་གི་གྲྭ་བཙུན་༣༢མཉམ་ཞུགས་བྱས་ཡོད་པ་དང་། ཁོ་ཚོ་ཚང་མ་དབུ་མ་ཐོན་པའམ་དབུ་མ་སློབ་གཉེར་གནང་བཞིན་པ། དེ་བཞིན་དགོན་སྡེ་སོ་སོའི་ནང་ཚན་རིག་འཛིན་གྲྭ་མེད་པའི་གྲྭ་བཙུན་སྐོར་ཞིག་ཡིན་སྐོར་བརྗོད་བྱུང་། ཚན་རིག་ཟབ་སྦྱོང་གི་ལས་རིམ་སྐོར་ལ་ཁོང་གིས་གསུང་དོན། ད་ལན་གྱི་ཚན་རིག་ཟབ་སྦྱོང་དེ་དེ་རིང་ནས་བདུན་ཕྲག་གཉིས་རིང་འཚོགས་རྒྱུ་ཡིན་པ་དང་། ཉིན་རེར་ཚོགས་ཐེངས་གསུམ་ཡོད་པ་དང་ཚོགས་ཐུན་རེ་རེའི་ནང་དབང་རྩའི་ཚན་རིག་དང་སྐྱེ་དངོས་ཚན་རིག དངོས་ཁམས་ཚན་རིག་གསུམ་གྱི་ཐོག་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པ་དང་། དེ་སྔོན་གྱི་ཚན་རིག་ཟབ་སྦྱོང་ཐེངས་དང་པོ་དང་གཉིས་པ་ཚོགས་པ་དེས་སློབ་གཉེར་བ་ཚོར་ཕན་ཐོགས་ཞེ་དྲགས་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།