གསར་འགྱུར་གསར་པ།:

དགོངས་ཚུལ།

༢༠༡༡ལོའི་གལ་གནད་དང་ད་ལྟའི་ང་ཚོའི་མང་གཙོ་ཞེས་པའི་བགྲོ་གླེང༌།།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༢༨ཉིན་སྤེལ། དེ་རིང་ཕྱི་དྲོ་ཆུ་ཚོད་ ༢ ནས་ ༥ པར་དྷ་ས་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་བོད་རྒྱལ་ཡོངས་མང་གཙོའི་ཚོགས་པའི་གོ་སྒྲིག་འོག་༼༢༠༡༡ལོའི་གལ་གནད་དང་ད་ལྟའི་ང་ཚོའི་ མང་གཙོ་༽ཞེས་པའི་བརྗོད་གཞི་འོག་བགྲོ་གླེང་ཞིག་ཚུགས་སོང༌། བགྲོ་གླེང་དེར་ཁྱོན་ཚོགས་ཞུགས་པ་མི་གྲངས་ ༤༠༠ ལྷག་ཙམ་འཛོམས་འདུག་པ་དང༌། དེའི་ནང་ནས་མང་ཆེ་བ་བོད་པའི་གཞོན་སྐྱེས་ཚོས་ཆ་ཤས་བླངས་ཡོད་པ་ཞིག་རེད་འདུག

དེ་རིང་གི་བགྲོ་གླེང་དེའི་སྐབས་བགྲོ་གླེང་གནང་མཁན་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་དང༌། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཞོན་རྒྱལ་རི་སྒྲོལ་མ་མཆོག བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིདལགས་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས། བོད་ཀྱི་དུས་བབ་གསར་ཁང་གི་འགན་འཛིན་ལུང་རིག་རྒྱལ་ལགས། བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་པའི་ལས་རོགས་ཆོས་ཉིད་འོད་ཟེར་ལགས། བོད་རང་བཙན་འཐབ་རྩོད་པ་དང་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་བཅས་གདན་འདྲེན་ཞུས་འདུག་ལ། བགྲོ་གླེང་གི་གཙོ་སྐྱོང་གནང་མཁན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བཀྲ་ཤིས་དབང་ཕྱུག་ལགས་དང༌། རྩོམ་པ་པོ་དབུས་ཕྲུག་ཚེ་རིང་ལགས་རྣམ་གཉིས་རེད་འདུག

བགྲོ་གླེང་དབུ་འཛུགས་མ་གནང་བའི་སྔོན་དེར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་གི་བགྲོ་གླེང་དབུ་འབྱེད་དང་དགོས་དམིགས་སྐོར་གསུངས་དོན། ད་ལྟའི་ཆར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགན་གལ་ཆེ་ཤོས་དེ་སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་འོས་བསྡུའི་སྐོར་ཡིན་པ་དང༌། མ་འོངས་པར་ང་ཚོས་དེ་སྔོན་དང་མི་འདྲ་བའི་ཐོག་ནས་བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་མི་རྣམས་ངོ་སྤྲོད་ཡིག་ཆ་ཙམ་མ་ཟད་དེའི་མཉམ་དུ་འདྲ་དཔར་ཡང་འགྲེམས་སྤེལ་ཞུ་རྒྱུ་ཡིན། ཐེངས་འདིར་ང་ཚོས་བགྲོ་གླེང་པ་མང་པོ་ཞིག་གདན་འདྲེན་ཞུས་ཡོད་དུས། དྲི་བ་དྲིས་ལན་གྱི་དུས་ཚོད་ཉུང་ཙམ་དང་བགྲོ་གླེང་པའི་དུས་ཚོད་དེ་མང་ཙམ་ཞིག་ཕུལ་རྒྱུ་ཡིན་ཞེས་གསུངས་སོང༌།

དེ་ཡང་ཐོག་མར་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འོས་བསྡུའི་འགྲོ་སྟངས་སྐོར་གསུངས་དོན། དཔེར་ན་འོས་འཕེན་པ་དེ་ལོ་ན་༡༨ཡན་ལོན་དགོས་པ་གང་ཞིག་ལ། བོད་པའི་དཔྱ་ཁྲལ་ལག་དེབ་ཙམ་མ་ཟད། བོད་མི་སུ་ཞིག་ཡིན་རུང་ས་གནས་དེར་བསྡད་ཆོག་པའི་ལག་ཁྱེར་ཡང་དགོས་ཀྱི་ཡོད་པ་སྔོན་མའི་སྒྲུང་ཞིག་དང་སྦྲག་ནས་གསུངས་སོང༌། ཁོང་གི་གཏམ་བཤད་དེར་སྤྱི་འཐུས་རྒྱལ་རི་སྒྲོལ་མ་མཆོག་གིས་བོད་པའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་ལ་འོས་འཕེན་སྐབས་བོད་པའི་མི་སེར་ཞིག་ཡིན་དགོས་ཞེས་པ་ལས་ས་གནས་དེར་བསྡད་ཆོག་པའི་ལག་ཁྱེར་ཡང་ཡོད་དགོས་ཞེས་འཁོད་མི་འདུག་ཅེས་ པའི་ལན་དུ། ངས་དེ་འདྲ་བཤད་དགོས་པའི་དམིགས་ཡུལ་ནི། རྒྱ་གར་རྐང་རའི་རྫོང་དཔོན་གྱིས་གལ་སྲིད་བོད་མི་སུ་ཞིག་ལ་སྤྱི་ལོ་༢༠༠༩ཟླ་༡༢པའི་ནང་ཚུད་རྒྱ་གར་ནང་སྡོད་ཆོག་པའི་ལག་ཁྱེར་མེད་ཚེ་ཉེན་རྟོག་པས་ཕྱི་མི་ལག་ཁྱེར་མེད་པའི་ཁོངས་སུ་བརྩི་ནས་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་དེར་ཐེངས་འདིར་ངས་༼རྡོ་གཅིག་གིས་བྱ་གཉིས་བསད་༽ཞེས་པའི་དཔེར་ལྟར་བོད་མི་རྣམས་ལ་རྒྱ་གར་ནང་སྡོད་ཆོག་པའི་ལག་ཁྱེར་ངེས་པར་དུ་བཟོ་དགོས་པའི་སྐུལ་འདེད་ལྟ་བུ་ཡིན་ཞེས་གསུངས་སོང༌།

དེ་རྗེས་གཙོ་སྐྱོང་བ་དབུས་ཕྲུག་ཚེ་རིང་ལགས་ཀྱིས་ཐེངས་འདིར་བཀའ་ཟུར་ཀིརྟི་རིན་པོ་ཆེ་བགྲོ་གླེང་ཐོག་ཕེབས་ཐུབ་མེད་པས་གང་ཉིད་ཀྱི་བཟོད་གསོལ་དང་གསུང་བཤད་ལྗགས་ཀློག་གནང་དོན། མ་འོངས་པའི་བཀའ་བློན་ཁྲི་པ་དེ་གལ་གནད་ཆེན་པོ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ད་ལྟ་ནས་གྲ་སྒྲིག་བྱེད་དགོས། མི་མང་ཚོར་ད་ལྟ་ནས་གྲ་སྒྲིག་ཞིག་ཡོད་པ་ཡིན་ན། དེ་ནི་མི་མང་ཚོས་མི་རིགས་ལ་འགན་ཁུར་དང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་བཞིན་ཡོད་པའི་རྟགས་དང༌། གལ་སྲིད་ད་ལྟར་གྲ་སྒྲིག་ཞིག་མེད་པ་ཡིན་ན། དེ་ནི་མི་མང་ཚོའི་འཐུས་ཤོར་གྱི་རྣམ་པ་ཞིག་རེད་ཅེས་གསུངས་འདུག

རྒྱ་རི་སྒྲོལ་མ་མཆོག་གིས། ང་ཚོའི་མང་གཙོའི་གཞུང་དེར་ངོ་བོ་དང་ལས་འགན་གཞན་དང་མི་འདྲ་བ་ཞིག་ཡོད་པའི་སྐོར་གསུངས་དོན། འཛམ་བུ་གླིང་འདིའི་ནང་རྒྱལ་ཁབ་གཞན་ལ་ཆབ་སྲིད་ཚོགས་པ་མེད་པའི་མི་མང་གིས་གཞུང་དབང་འཛིན་ཁོ་ན་བྱས་པ་ཞིག་རྩ་བ་ནས་མེད་པ་དང༌། ང་ཚོའི་གཞུང་འདི་ནི་ཆབ་སྲིད་ཚོགས་གང་རུང་ཞིག་གིས་ངོས་དབང་འཛིན་བྱས་པ་ཞིག་མ་ཡིན་པར་མི་སོ་སོའི་ངོས་ནས་བསྐོས་པ་ཞིག་ཡིན་པ་རེད།

ང་ཚོའི་མང་གཙོ་འདི་ནི་ཁྲག་དྲོན་བཏང་ནས་རག་པ་ཞིག་མ་ཡིན་པར་གོང་ནས་མར་གནང་བའི་མང་གཙོ་ཞིག་ཡིན་པ་དང༌། ལས་འགན་ནི་ང་ཚོའི་གཞུང་དེ་བཙན་བྱོལ་དུ་གནས་ཡོད་པ་ཞིག་ཡིན་དུས། བོད་ཕྱི་ནང་གཉིས་ཀྱི་ཚབ་མཚོན་ཐུབ་པའི་ཕྱག་ལས་གནང་དགོས་པའི་སྐོར་གསུངས་སོང༌། ཡང་ཁོང་གིས་བཀའ་བློན་ཁྲི་པའི་སྐོར་གསུངས་དོན། མ་འོངས་པའི་བཀའ་བློན་ཁྲི་པ་དེ་རང་བཙན་འཐབ་རྩོད་པ་ཞིག་ཡིན་ནའང་འདྲ། དབུ་མའི་ལམ་ལ་བསྐྱོད་མཁན་ཞིག་ཡིན་ན་འདྲ། བོད་གཞུང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་དེར་འགྱུར་བ་གཏོང་ཆོག་ཆོག་ཞིག་མེད་པ། བོད་གཞུང་གི་ཆབ་སྲིད་ཀྱི་ལམ་ལུགས་དེ་ནི་བཀའ་ཤག་གིས་ཐག་གཅོད་ཀྱི་ལམ་ནས་འགྲོ་བ་ཞིག་མ་ཡིན་པ་དེ་ནི་གྲོས་ཚོགས་ཀྱི་ལམ་ནས་འགྲོ་དགོས་པ་ཞིག་རེད་ཅེས་གསུངས་སོང༌།

ཚེ་དབང་རིག་འཛིན་ལགས་ཀྱིས། ང་ཚོའི་སྤྱི་ཚོགས་ནང་སྔོན་མ་དང་མི་འདྲ་བ་༢༠༡༡ལོའི་བཀའ་བློན་ཁྲི་པའི་སྐོར་དོ་སྣང་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་བྱུང་སོང༌། འོན་ཀྱང་གལ་ཆེ་ཤོས་ནི་ཆོ་ག་དང་ཆོས་ལུགས་ཀྱིས་འཐེན་ཁྱེར་མེད་པའི་ཐོག་ནས། མི་གཞན་གྱིས་བརྒྱུད་སྐུལ་བྱས་པ་ཞིག་མིན་པར་སོ་སོ་རང་ངོས་ནས་ཐག་གཅོད་བྱེད་དགོས་ཞིག་རེད་ཅེས་དང༌། ཡང་ཁོང་གིས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་སུ་ཞིག་ཡིན་རུང་ལྡིང་ཆའི་སྒང་དུ་ སླེབས་དུས་སྒེར་སེམས་མེད་པའི་ཐོག་ནས་བོད་མི་མང་གི་ཆེད་དུ་བསམ་བློ་ཡོད་པ་ཞིག་བདམས་དགོས་པ་རེད་ཅེས་གསུངས་སོང༌།

བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས། བཙན་བྱོལ་མང་པོའི་ནང་ནས་ང་ཚོའི་བཙན་བྱོལ་ནི་གཞན་དང་མི་འདྲ་བ་སོ་སོ་ནང་ཁུལ་མ་འགྲིགས་པ་ཞིག་མིན་པ་དང༌། མ་འོངས་པར་མང་གཙོ་དེ་སྤུས་དག་པོ་ཞིག་ཆགས་དང་མ་ཆགས་ཟེར་བ་དེ་མི་མང་ཚོར་རག་ལུས་ཡོད་པ་རེད། ང་ཚོས་རྒྱུན་དུ་ཁ་སྙན་པོ་བཤད་པ་ཁོ་ན་མིན་པར་དོན་ངོ་མ་ལག་ལེན་གྱི་ཐོག་ནས་ཆོ་ག་ དང་ཆོས་ལུགས་ཀྱི་འཐེན་ཁྱེར་མེད་པ་ཞིག་དགོས་པའི་སྐོར་གསུངས་སོང༌།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། དངོས་གཞིའི་འོས་བསྡུ་དེ་ནི་སྔོན་འགྲོའི་འོས་བསྡུ་དེ་ལ་སྟེན་ནས་འགྲོ་དགོས་པ་ཞིག་ཡིན་དུས། མི་མང་ཚོས་གལ་ཆེ་ཤོས་དེ་སྤྱི་ལོ་༢༠༡༡ལོ་ལས་ཀྱང་༢༠༡༠ལོའི་ལོ་འཇུག་ནས་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུ་སྐོར་གྲ་སྒྲིག་བྱ་དགོས་པ་རེད། གང་ཡིན་ཟེར་ན་སྔོན་འགྲོའི་འོས་བསྡུ་དེ་ནི་སྤྱི་ལོ་༢༠༡༠ཙམ་ནས་ཡོང་གི་ཡོད་པ་རེད་ཅེས་དང༌།

ཡང་ཁོང་གིས་བཀའ་བློན་ཁྲི་པ་དེ་ཉམས་མྱོངས་གསོག་སའི་ལྡིང་ཆ་ཞིག་མིན་པར་ཉམས་མྱོངས་བསགས་ཚར་ཡོད་པ་ཞིག་དང་༧གོང་ས་མཆོག་གི་དགོང་བཞེས་ཡང་གང་ལ་གང་འཚམ་གྱིས་རྟོགས་མཁན་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།

ལུང་རིག་རྒྱལ་ལགས་ཀྱིས། ང་ཚོ་ཡང་མང་གཙོའི་འགྲོ་སྟངས་ཐོག་ནས་མང་གཙོའི་ལམ་ལུགས་ཐོག་ནས་གོམ་པ་མདུན་དུ་སྤོ་དགོས། ཐེངས་འདིའི་བཀའ་བློན་ཁྲི་པ་ཁོ་ན་ཙམ་མིན་པར་མ་འོངས་པར་མིག་རྒྱང་རིང་ཙམ་ལྟ་དགོས། བཀའ་བློན་དང་སྤྱི་འཐུས་མ་འདེམས་པའི་སྔོན་ནས་དེའི་ལས་འགན་གང་ཡིན་པ་དེ་ཡང་གསལ་པོ་ཤེས་དགོས་པ་ཡིན་ཞེས་གསུངས་སོང༌།

ཀླུ་མཁར་བྱམས་ལགས་ཀྱིས། ཆབ་སྲིད་པ་དེ་ཚོས་འདས་པའི་ལོ་རྒྱུས་ནང་ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་ག་རེ་བྱས་ཡོད་པ་རེད། བཙོན་བྱོལ་བོད་གཞུང་གི་རྩ་ཁྲིམས་ཀྱི་འགྲོ་སྟངས་དེ་འགྱུར་བ་ཞིག་གཏོང་རྒྱུའི་བློ་ཁོག་ཡོད་པའི་ཐོག་ནས་འོས་འདེམས་ཤིག་བྱེད་ན་ཁེ་ཕན་ཡོད་མེད། བཙན་བྱོལ་བོད་གཞུང་དེ་མུ་མཐུད་ནས་གནས་དགོས་མིན་དེ་ཚོའི་སྐོར་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དང༌། ཡང་ཁོང་གིས་ན་ནིང་དམིགས་བསལ་གྱི་ཚོགས་ཆེན་དེའི་སྐབས་གལ་སྲིད་རྒྱ་ནག་གཞུང་གིས་དུས་ཚོད་ངེས་ཅན་ཞིག་གི་ནང་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མེད་པ་ཡིན་ན། ང་ཚོ་ལམ་ཁ་གཞན་ཞིག་ལ་འགྲོ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ལམ་ཁ་གཞན་ཟེར་བ་དེ་ནི་རང་བཙན་དང་ཡང་ན་རང་ཐག་རང་གཅོད་ཞེས་པ་དེ་གཉིས་རེད། ང་ཚོས་ཚོགས་ཆེན་དེ་ཚོགས་ནས་ལོ་གཅིག་ཙམ་འགྲོ་ཚར་བ་རེད། ད་དུང་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ལན་འདེབས་གང་ཡང་བྱས་མེད་དུས་ང་ཚོས་ངེས་པར་དུ་ཐག་གཅོད་ཅིག་བྱེད་དགོས་པ་རེད། གལ་སྲིད་དེ་འདྲ་མ་བྱུང་ན་ང་ཚོས་ན་ནིང་དམིགས་གསལ་ཚོགས་ཆེན་ཚོགས་པ་དེའི་འགྲོ་སོང་ཡང་བེད་མེད་འཕྲོ་རླག་རེད། མ་འོངས་པའི་བཀའ་བློན་ཁྲི་པ་དེ་ངེས་པར་དུ་རང་བཙན་འཐབ་རྩོད་པ་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།

ཆོས་ཉིད་འོད་ཟེར་ལགས་ཀྱིས། ད་ལྟ་ང་ཚོས་ཁ་ནས་བཤད་པ་ཙམ་མིན་པར། དངོས་སུ་འོས་བསྡུའི་སྐབས་ངེས་པར་དུ་ཚང་མས་ཆ་ཤས་ལེན་དགོས། སྔོན་མ་འོས་བསྡུ་ལྷན་ཁང་ས་གནས་ཁག་ཁ་ཤས་ལ་ཕེབས་མ་ཐུབ་པའི་སྐད་ཆ་དེ་འདྲ་ཡོད་པ་རེད། དེ་ནི་འོས་བསྡུ་ལྷན་ཁང་གི་སྐྱོན་དང༌། ཡང་ས་གནས་ཁ་ཤས་ལ་འོས་བསྡུ་ལྷན་ཁང་ཕེབས་ཡོད་ཀྱང་འོས་འཕེན་མཁན་མེད་པ་དེ་འདྲའི་གནས་ཚུལ་བྱུང་ཡོད་པ་དེ་ནི་མི་མང་གི་སྐྱོན་ཡིན་པའི་སྐོར་གསུངས་སོང༌།

འཆི་མེད་གཡུང་དྲུང་ལགས་ཀྱིས། སྤྱི་འཐུས་ཀྱིས་ད་ལྟ་བར་དུ་ང་ཚོའི་སྣེ་ཁྲིད་བྱས་ཡོད་པ་རེད། འོན་ཀྱང་མ་འོངས་པར་ཡར་རྒྱས་གཏོང་དགོས་པ་རེད། ད་ལྟའི་སྒྲོམ་གཞི་འདི་ནི་དུས་ཚོད་ཡོལ་ཚར་བ་རེད། ངས་སྤྱི་འཐུས་དགོས་པ་མ་རེད་ཟེར་གྱི་མེད། རྒྱལ་ཁབ་གཞན་ལ་གྲོས་ཚོགས་གོང་མ་དང་འོག་མ་གཉིས་ཡོད་པ་དང༌། ཆབ་སྲིད་ཀྱི་ཚོགས་པ་ཡང་དེ་འདྲ་མང་པོ་ཡོད་པ་རེད། དེ་འདྲ་ཡོད་ན་མ་འོངས་པར་ང་ཚོའི་མི་མང་གི་འགོ་ཁྲིད་ཐུབ་ཀྱི་རེད། ང་ཚོ་ལ་ཡང་ད་ལྟ་ནས་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་ཀྱི་འབྱུང་འགྱུར་སྐོར།
1 ༡༣༢༠༡༠༡༥༠༣
གནས་ཚུལ་ག་འདྲ་ཞིག་ལ་འགྱུར་བ་དེ་དངོས་གནས་སྔ་མོ་ནས་བསམ་བློ་གཏོང་དགོས། བཀའ་ཁྲི་སུ་དེས་བོད་ཀྱི་མ་འོངས་པར་ལྟ་བ་ཡང་དག་ཅིག་འཛིན་མ་ཐུབ་ན། བོད་པའི་སང་ཉིན་རྟོགས་དཀའ་བ་ཞིག་ཏུ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།