འཛམ་གླིང་གི་མཆིན་པའི་གཉན་ཚད་ཉིན་མོ་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༨ཉིན་སྤེལ། ང་ཚོ་རྒྱལ་ཁབ་སླར་གསོ་བྱེད་མཁན་གྱི་མི་ཡིན་བརྗོད་ཀྱི་ཡོད་པ་རེད། དེ་ཡིན་ན་འཕྲོད་བསྟེན་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་རེད།

དེ་རིང་སྔ་དྲོ་ཆུ་ཚོད་༩།༣༠ཐོག་དྷ་རམ་ས་ལའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་གཙོས་པས་འཕྲོད་བསྟེན་གྱི་ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས་དང་། སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་ལགས་བཅས་ཀྱིས་དྷ་རམ་ས་ལའི་ས་གནས་གཞིས་ཆགས་ལས་ཁུངས་ཀྱི་ཚོགས་ཁང་ནང་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་སྐོར་ལ་གོ་རྟོགས་ལས་འགུལ་གྱི་ཟབ་སྦྱོང་ཞིག་སྤེལ་གནང་སོང་།alt

དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་གསུང་དོན། དེ་རིང་ངས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚབ་བྱས་ཏེ་འབོད་སྐུལ་ཞུ་རྒྱུ་གལ་ཆེ་ཤོས་དེ་ང་རང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་གནད་དོན་ཐད་མི་མང་ཚང་མས་རྒྱུ་དངོས་པོ་ཡན་ཆད་བློས་གཏོང་གནང་སྟེ་འཕྲོད་བསྟེན་ཆེད་གང་སྤུངས་དགོས་ཀྱི་ཡོད་མེད་ཀྱི་ཐོག་ལ་བསམ་གཞིགས་བྱ་རྒྱུ་དང་། ཤེས་ཡོན་སྦྱོང་བ་དང་། གོ་རྟོགས་སྤེལ་བ། རང་ཉིད་ཀྱི་འཕྲོད་བསྟེན་ཆེད་ལུས་སྦྱོང་བྱེད་པ། དེ་བཞིན་གཙང་སྦྲ་འཕྲོད་བསྟེན་བྱ་རྒྱུར་ང་ཚོའི་སྤྱི་ཚོགས་ནང་དམིགས་བསལ་གྱི་དོ་སྣང་བྱེད་དགོས་པ་དང་། དེ་རིང་ལ་ཆ་བཞག་ན་མི་མང་མང་པོ་སླེབས་མ་ཐུབ་ཀྱང་བརྒྱུད་ལམ་ཁག་བརྒྱུད་དེ་གོ་རྟོགས་ཤུགས་ཆེ་རུ་འགྲོ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ག་ཚོད་ལེགས་པོ་བྱུང་བ་དེའི་ཚོད་ཀྱིས་ནང་མི་ཚགས་སུ་ཚུད་པ་དང་། ཤེས་ཡོན་དང་། ལས་དོན་གཞན་གྱི་རིགས་ལ་ཤུགས་སྣོན་རྒྱབ་ཐུབ་པ་བཅས་གང་ལྟར་ཕྱོགས་ཡོངས་ནས་གནད་དོན་མང་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད་པ་རེད། ཆེ་ས་ནས་ཆ་བཞག་ན་ང་ཚོ་རྒྱལ་ཁབ་སླར་གསོ་བྱེད་མཁན་གྱི་མི་ཡིན་བརྗོད་ཀྱི་ཡོད་པ་རེད། དེ་ཡིན་ན་འཕྲོད་བསྟེན་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་རེད་ཅེས་གསུངས་གནང་སོང་།

གསར་འགོད་པས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྒྲོར་དཀར་ལགས་སུ་འཛམ་གླིང་གི་མཆིན་པའི་གཉན་ཚད་ཉིན་མོ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོ་མོས་གསུང་དོན།  ཕྱི་ལོ་༢༠༡༦ཟླ་བ་༧ཚེས་༢༨ཉིན་འཛམ་གླིང་གི་མཆིན་པའི་གཉན་ཚད་ཉིན་མོ་ཡིན་པར་བརྟེན་ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད། ཁ་སང་ང་ཚོས་ནོར་བུ་གླིང་གར་སྨན་རྩིས་ཁང་གི་སྨན་པ་གཅིག་དང་བདེ་ལེགས་སྨན་ཁང་གི་སྨན་པ་གཅིག་གདན་ཞུ་གནང་སྟེ་མཆིན་པའི་གཉན་ཚད་ཀྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་གནང་ཡོད། དེ་རིང་མེག་ལོར་རུ་སྨན་པ་གཉིས་གདན་ཞུ་གནང་སྟེ་གོ་རྟོགས་ལས་འགུལ་སྤེལ་གྱིན་ཡོད་པ་དང་། མེག་ལོར་རུ་ཡོད་པའི་བདེ་ལེགས་སྨན་ཁང་གི་ཡན་ལག་སྨན་ཁང་ནང་མཆིན་པའི་གཉན་ཚད་Bརིན་མེད་རྟགས་དཔྱད་བྱེད་རྒྱུའི་གོ་སྒྲིག་ཞུས་ཡོད།

སྤྱིར་ང་ཚོས་འཛམ་གླིང་སྤྱི་ཡོངས་ལ་ལྟ་བ་ཡིན་ན་མཆིན་པའི་གཉན་ཚད་ཡོད་མཁན་གྱི་མི་ཕལ་ཆེ་བར་མཆིན་པའི་གཉན་ཚད་ཀྱི་གོ་རྟོགས་མེད་པའི་རྐྱེན་གྱིས་ནད་གཞི་འགོས་ཁྱབ་ཆེ་རུ་འགྲོ་ཡི་ཡོད་པའི་རྐྱེན་གྱིས་ང་ཚོས་ཐོག་མར་དེ་གོ་རྟོགས་ལས་འགུལ་སྤེལ་རྒྱུ་དང་། དེའི་རྗེས་ང་ཚོས་རིན་མེད་རྟགས་དཔྱད་བྱས་ཏེ་སོ་སོའི་ནད་གཞི་ངོ་རྟགས་ཆོད་པ་ཡིན་ན་དེ་ལ་ང་ཚོས་ཕན་ཐོགས་ཡོད་ཀྱི་རེད་བསམ་ཞིང་ཡོད།

གཞན་ཡང་གསར་འགོད་པས། འཕྲོད་བསྟེལ་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་མཆིན་པའི་གཉན་ཚད་ཡོད་མཁན་ཚོར་དམིགས་བསལ་གྱི་མཐུན་འགྱུར་གང་ཡོད་མེད་དང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་ཐོ་འགོད་བྱས་པ་ག་ཚོད་ཡོད་མེད་སྐོར་དྲི་སྐབས་ཁོ་མོས།  སྔོན་མ་ང་ཚོས་བྷལ་ཀོབ་ཏུ་ཉམས་ཞིབ་ཅིག་བྱས་ཡོད་རེད། སྐབས་དེར་ཆ་སྙོམས་རྩིས་པ་ཡིན་ན་བོད་པའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་ཡོད་མཁན་བརྒྱ་ཆའི་༨།༩བྱུང་ཡོད་པ་དང་། གྲོང་སྡེ་གཅིག་པུར་ང་ཚོས་ཉམས་ཞིབ་བྱེད་སྐབས་བརྒྱ་ཆའི་༡༡།༩བྱུང་ཡོད་པ་ཤེས་རྟོགས་ཐུབ་ཡོད། ད་ལྟའི་ཆར་ང་ཚོས་ས་གནས་ཁག་ལ་སྔོན་འགོག་ཐོག་ཤུགས་མང་བ་རྒྱབ་ཀྱི་ཡོད། ལྷག་པར་དུ་སློབ་གྲྭ་ཕལ་ཆེ་བའི་ནང་མཆིན་པའི་གཉན་ཚད་རྟགས་དཔྱད་བྱས་རྗེས་སྔོན་ཁབ་གསུམ་བརྒྱབ་རྒྱུའི་ལས་འགུལ་དེ་སྤེལ་དང་སྤེལ་བཞིན་པ་ཡིན་ལ་སློབ་ཕྲུག་༦༠༠༠ལྷག་ལ་རྟགས་དཔྱད་བྱས་ཚར་ཟིན་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། ཟླ་བ་ཕུར་བུ།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།