ཨ་ཞང་གྲོངས་རྐྱེན་དེར་ཞིབ་འཇུག་ལེཊ་པོ་ཡོང་བའི་རེ་བ་རྒྱབ་སྟེ་ཡོང་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༨ཉིན་སྤེལ། རྒྱལ་སྤྱིའི་ཐོག་ནས་ཨ་ཞང་གྲོངས་རྐྱེན་དེར་ཞིབ་འཇུག་ལེཊ་པོ་ཡོང་བའི་རེ་བ་རྒྱབ་སྟེ་ཡོང་ཡིན་ལ་སྔ་ཕྱི་བར་གསུམ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གིས་དཀྲོངས་པ་ཡིན་སྐོར་ངོ་སྤྲོད་གནང་སོང་།

དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་༡༡།༠༠སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་གི་ཚོགས་ཁང་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་མོ་ཉི་མ་ལྷ་མོ་ལགས་དང་། རིན་པོ་ཆེའི་སྤུན་མཆེད་དགེ་བཤེས་བློ་བཟང་ཡོན་ཏན་ལགས་གཉིས་ཀྱིས་སྤྲུལ་སྐུ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་དཀྲོངས་པ་ཡིན་སྐོར། རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་གནང་ཞེས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་གནང་སོང་།alt

ཉི་མ་ལྷ་མོས་སྤྲུལ་སྐུ་གྲོངས་པའི་སྔ་གཞུག་ངོ་སྤྲོད་གནང་དོན། ང་དེ་རིང་འདིར་ཡོང་བ་དེར་དོན་དག་གཉིས་དང་རེ་བ་གཅིག་ཡོད། ཨ་ཞང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མ་འདས་པའི་ཉིན་བཅུའི་སྔོན་རྒྱ་ནག་གཞུང་གིས་ངའི་ཨ་མ་དང་ཨ་ནེ་ཐུག་འཕྲད་བྱེད་དུ་ཤོག་ལབ་རེད། ཁོང་གཉིས་ཁྲིན་ཏུའུ་རུ་སླེབས་དུས་ཐུག་བཅུག་ཡོད་པ་མ་རེད། ཉིན་གཅིག་ཨ་མས་ང་ལ་ཁ་པར་སླེབས་ནས་ཨ་ཞང་འདས་ཚར་འདུག་ལབ་སོང་།

དེ་ནས་ངས་མི་མང་ལ་སྐུ་ཕུང་ཡར་གདན་འདྲེན་ལ་རོགས་པ་བྱེད་རོགས་ལབ་ནས། མི་སུམ་བརྒྱ་ཙམ་གྱིས་ལི་ཐང་རྫོང་གི་གཞུང་ལ་ཆོག་མཆན་ཞུ་རུ་སོང་ཡིན། སྐབས་དེར་ལི་ཐང་རྫོང་གིས་ཁོང་ཚོར་དབང་ཆ་ཡོད་པ་མ་རེད། དཀར་མཛེས་ཁུལ་ནས་ལྟ་ཡི་ཡོད་པ་རེད། རྫོང་རེ་ནས་མི་བདུན་རེ་འགྲོ་ཆོག་གི་ཡོད་པ་དང་། ལི་ཐང་རྫོང་ནས་མི་དགུ་གཏོང་ཆོག་ཟེར། དེ་ནས་ང་ཚོ་ཁྲིན་ཏུའུ་རུ་འགྲོ་སྐབས་འགྲིམ་འགྲུལ་རླངས་འཁོར་མར་འགྲོ་མཁན་ཚང་མ་བཀག་འདུག ཡིན་ཡང་ཐབས་ཤེས་སྣ་ཚོགས་བྱས་ཏེ་ང་ཚོ་ཁྲིན་ཏུའུ་རུ་སླེབས་པ་དང་། ང་ཚོས་བཙོན་ཁང་སྒོ་ནས་རིན་པོ་ཆེ་བཀྲོངས་པ་རེད་ཅེས་སྐད་འབོད་བྱས་པ་ཡིན་ལ། ཨ་མས་མགོ་རྩིག་པར་བརྡབ་པ་དང་། ང་བཙོན་ཁང་སྒོར་དཔྱངས་པ་ཡིན། སྐབས་དེར་བཙོན་ཁང་གི་སྒོ་སྲུང་བ་དེ་ཚོས་བཀག་སོང་ལ། དེ་ནས་ལྷོད་ལྷོད་བྱས་ནས་སྐད་ཆ་བཤད་ཆོག་རེད་ཅེས་གཞུང་གིས་ཡ་ལན་འདྲ་བྱས་རེད། སྐུ་གདུང་ལ་ཞབས་ཞུ་བྱེད་མཁན་ཚོས་སྐུ་གདུང་གི་སེན་མོ་ནག་པོ་དང་། མཆུ་ནག་པོ་ཆགས་ཡོད་པ་མཐོང་རེད་ལ། ང་རྗེས་སུ་སྐུ་གདུང་མཇལ་དུ་གཏོང་སྐབས་མཆུ་ནག་པོ་ཆགས་ཡོད་པ་མཐོང་སོང་”ཞེས་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་རྒྱ་ནག་གཞུང་གིས་སྐུ་ཕུང་གདན་འདྲེན་ཞུ་མ་བཅུག་སྐོར་གསུང་དོན། སྐུ་གདུང་ཡར་ཕ་ཡུལ་ལ་འཁྱེར་མ་བཅུག་པ་དང་། གཞུང་གིས་དཀྲོངས་པ་མ་རེད། སྨན་ཁང་དུ་བསྟེན་གཏུག་བྱས་སྐོར་ལབ་སོང་། ང་ཚོས་སྨན་ཁང་གང་དུ་བསྟེན་གཏུག་བྱས་པ་དང་། སྐུ་གྲོངས་པའི་སྨན་ཁང་གི་ཡིག་ཆ་དགོས་ཀྱི་ཡོད་སྐོར་བཤད་པ་རེད། དེ་ནས་ཨ་མ་ངེད་གཉིས་ཀྱིས་སྐུ་གདུང་ཡར་འཁྱེར་བཅུག་གི་མི་འདུག་ཅེས་ཁྱབ་བསྒྲགས་བྱས་པར་བརྟེན། མི་གཞན་པ་ཚོ་འཇུ་བཟུང་བྱས་པ་དང་། ཨ་མ་ངེད་གཉིས་ཀ་འཇུས་སོང་། ངེད་གཉིས་ལ་ཁྱེད་གཉིས་ཀ་ཀྲུང་དབྱངས་ཀྱི་བཀའ་དང་འགལ་འདུག་ཅེས་ཡིག་ཆ་ཞིག་གི་ཐོག་ས་རྟགས་རྒྱག་དགོས་ཟེར། ཨ་མས་མོས་ཡི་གེ་ཤེས་ཀྱི་མེད། ཨ་ཞང་གི་གྱོད་དོན་ཐོག་ངས་ས་ཡིག་རྒྱག་མི་ཐུབ། ང་གཅིག་པུའི་བླ་མ་མ་རེད།

འཛམ་གླིང་གི་བླ་མ་རེད། མགོ་ལ་མེ་མདའ་བཞག་ནའང་ས་ཡིག་རྒྱག་གི་མིན་ལབ་སོང་།  ཡིག་ཆ་དེའི་ནང་ཁྱེད་གཉིས་ཀྱིས་རིན་པོ་ཆེའི་སེན་མོ་ནག་པོ་ཆགས་ཡོད་སྐོར་སུ་ལའང་ལབ་མི་ཆོག ཕྱིའི་རྒྱལ་ཁབ་ལ་ཁོང་ལ་དུག་སྤྲད་ནས་དཀྲོངས་པ་རེད་ལབ་མི་ཆོག་ལ། ནང་ཁུལ་དུ་ཁྱབ་བསྒྲགས་མི་ཆོག རྒྱ་ནག་ནང་ཞུ་གཏུག་མི་ཆོག་ཅེས་འཁོད་ཡོད་རེད། ངེད་གཉིས་ཀྱིས་ས་ཡིག་མ་བརྒྱབ་ནའང་། ལས་བྱེད་ཅིག་གིས་འགན་ཁོས་ལེན་གྱི་ཡིན་ཞེས་ས་ཡིག་བརྒྱབ་རྗེས། གནས་ཚུལ་ག་རེ་བྱུང་ཡང་ང་ལ་ལབ་དགོས་རེད་ཅེས་ངེད་གཉིས་གློད་གྲོལ་བཏང་བ་རེད་”ཅེས་གསུངས་སོང་།

ཉི་མ་ལྷ་མོས་ཁོང་བཙན་བྱོལ་དུ་ཡོང་དགོས་དོན་སྐོར་གསུང་དོན།“དེ་རིང་ང་འདིར་ཡོང་དོན་དེ་ངའི་ཨ་ཞང་འདས་ཚར་རེད་དེ། ཨ་ཞང་ནང་བཞིན་བོད་ནང་དུ་དེ་འདྲ་མང་པོ་འབྱུང་གི་ཡོད་པ་རེད། ངས་བཟའ་ཚང་ནང་མི་ཚང་མ་བློས་བཏང་ནས་འདིར་སླེབས་པ་རེད། རྒྱལ་སྤྱིའི་ཐོག་ནས་ཨ་ཞང་གྲོངས་རྐྱེན་སྐོར་ལ་ཞིབ་འཇུག་ཡག་པོ་ཞིག་ཡོང་བར་རེ་བ་རྒྱག་གི་ཡོང་ཡིན། རྒྱ་ནག་གཞུང་གིས་ཨ་ཞང་སྐུ་གྲོངས་རྗེས་ཁོང་བླ་མ་རྫུན་མ་ཡིན་པ་དང་། ཁོང་གི་སྐུ་པར་སྒྲིག་གཤོམ་མི་ཆོག མི་མང་ལ་སྡུག་བསྔལ་སྤྲད་མི་ཆོག ཁོང་དཀྲོངས་པ་རེད་ཅེས་བཤད་མི་ཆོག་ཅེས་ཡིག་ཆ་བཀྲམ་པ་རེད་ཅེས་དང་། ཁོང་གིས་མ་འོངས་པར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་པཎ་ཆེན་རིན་པོ་ཆེ་ནང་བཞིན་དཀའ་ངལ་འཕྲད་རྒྱུ་ཡིན་པར་མི་མང་གིས་སེམས་ཁྲལ་བྱེད་ཀྱི་ཡོད་སྐོར་དང་། ཁོང་གི་སྔ་ཕྱི་བར་གསུམ་དུ་སྤྲུལ་སྐུ་རྒྱ་ནག་གིས་བཀྲོངས་པ་ཡིན་པ་ཁྱབ་བསྒྲགས་བྱས་སྐོར་ངོ་སྤྲོད་གནང་སོང་།


སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྤུན་མཆེད་དགེ་བཤེས་བློ་བཟང་ཡོན་ཏན་གྱིས་ཁོང་བཀྲོངས་རྐྱེན་དེ་ཞུ་གཏུག་ཞིབ་འཇུག་མཐར་ཕྱིན་པ་ཡོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་དང་། སྔོན་མ་རྒྱ་ནག་གི་བཙན་གནོན་འོག་པཎ་ཆེན་རིན་པོ་ཆེ་དང་། མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་དེ་ལྟར་གྲོངས་སྐོར། མ་འོངས་པར་ཡང་དེའི་རིགས་ལ་ཉེན་ཁ་ཡོད་པས། རྒྱལ་སྤྱིའི་ཐོག་སྤྲུལ་སྐུ་དཔེ་མཚོན་དུ་བཞག་ནས་ལས་འགུལ་སྤེལ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་གསུངས་སོང་ལ། སྤྲུལ་བསྟན་བསྟན་འཛིན་ལེགས་ལ་སྐུ་གདུང་མཆོད་རྟེན་ཞིག་མི་མང་གིས་བཞེངས་འཆར་ཡོད་པ་ཡང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་སྐོར་གསུངས་གནང་སོང་།

སྤྲུལ་སྐྲུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོའི་སྐད་ཆ། ངའི་མིང་ལ་ཉི་ལྷ་མོ་ཡིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཡིན། ལོ་༢༦ཡིན། ཕ་ཡུལ་ལི་ཐང་ནས་ཡིན། ངས་དཀའ་སྡུག་མང་པོ་ཞིག་བརྒྱུད་ནས་རྒྱ་གར་ལུང་པར་ཡོང་བ་ཡིན་ལ་རེ་བ་ཡང་ཆེན་པོ་ཞིག་ཡོད། དེ་རིང་སྐད་ཆ་བཤད་རྒྱུའི་གོ་སྐབས་འདི་འདྲ་ཞིག་རག་པ་སེམས་པ་ཧ་ཅང་དགའ་པོ་བྱུང་། ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་འདིར་ཡོང་དགོས་པའི་རྒྱུ་མཚན་ཅི་ཡོད་ཟེར་ན། ཨ་ཞང་ནི་འདས་ཚར་བ་རེད། ཡིན་ན་ཡང་། ཨ་ཞང་འདྲ་བའི་མི་མང་པོ་ཞིག་ཡོད་རེད།

དེ་ཚོ་ཚང་མའི་ཐོག་ལ་དེ་རིང་དུས་ཚོད་འདི་འདྲ་ཞིག་རག་ཙང་ངས་བཤད་རྒྱུ་ཡིན། དེ་རིང་ང་ལ་དོན་དག་ཆེན་པོ་གཉིས་དང་རེ་བ་གཅིག་ཡོད། དཔེར་ན་ཨ་ཞང་འདས་པའི་སྔོན་དང་མ་འདས་པའི་གོང་གི་གནས་ཚུལ་ཡིན། ཨ་ཞང་མ་འདས་པའི་སྔོན་ལ་ངའི་ཨ་མ་དང་ཨ་ནེ་གཉིས་ཨ་ཞང་ལ་ཐུག་འཕྲད་ལ་སོང་ནས་ཉི་མ་བཅོབརྒྱད་སྒུག་ཡོད་ཀྱང་རྒྱ་ནག་གིས་ཐུག་བཅུག་མེད། ཉི་མ་གཅིག་ཨ་མས་ང་ལ་ཁ་པར་སླེབས་ནས་བཤད་དོན། ཨ་ཞང་འདས་ཚར་འདུག་ཟེར། དེ་ནས་ལམ་སང་ངས་ལི་ཐང་གྲོང་སྡེ་བརྒྱད་ལ་ཆ་བརྒྱབ་པཡིན། དེ་ནས་ང་ཚོ་མི་གསུམ་བརྒྱ་ཙམ་ལི་ཐང་རྫོང་ནང་ལ་ཞུ་གཏུགས་བརྒྱབ་སར་ཕྱིན་པ་ཡིན། ཡིན་ནའང་ལི་ཐང་རྫོང་གིས་ཁོ་ཚོར་དེའི་ཐད་དབང་ཆ་གང་ཡང་མེད། ཁྱེད་རང་ཚོ་དཀར་མཛེས་ཁུལ་(ཀྲུའུ་)ལ་སོང་ཟེར། ཨ་ཞང་འདས་པའི་རྗེས་སུ་ལམ་བར་གང་སར་རླངས་འཁོར་བཀག་ནས་འགྲོ་ཆོག་གི་མི་འདུག ཡིན་ནའང་ངས་དཀའ་ལས་མང་པོ་ཞིག་བརྒྱབ་ནས་རྒྱ་ནག་ལ་སླེབས་ཐུབ་ཙམ་བྱུང་། དེ་ནས་ངས་ཨ་མ་ལ་ཁ་པར་བཏང་དུས་ཨ་མ་(དར་ཀྲོ་)ན་ཡོད་ཟེར། དེ་ནས་ང་དེར་སླེབས་པ་དང་ང་ཚོ་མི་མང་པོ་ཞིག་གིས་ཨ་ཞང་གི་དོན་རྐྱེན་ལ་ངུ་འབོད་བྱས་ནས་ཨ་ཞང་བསད་ཚར་འདུག་ལབ་པ་ཡིན། ང་ཡང་རང་སྲོག་གཅོད་གྲབས་བྱས་པ་ཡིན། ང་ཚོས་དཀའ་ལས་མང་པོ་ཞིག་བརྒྱུད་ནས་ཨ་ཞང་གི་སྐུ་ཕུང་རག་ཐབས་ཆེད་སྐད་འབོད་བྱས་པ་ཡིན་ཏེ། ཨ་ཞང་གི་སྐུ་ཕུང་ཡར་འཁྱེར་མི་ཆོག ཨ་ཞང་ང་ཚོས་བསད་པ་མིན།  བསད་མེད་པའི་ཡི་གེ་སྨན་ཁང་ལ་ཡོད། སྨན་བཏང་ཡོད་ཟེར། དེ་ནས་ང་ཚོས་སྨན་ཁང་གང་ཡིན།སྨན་ག་རེ་བཏང་ཡོད་ཨ་མ་ང་ཚོ་ལ་སྟོན་དགོས་ཡོད། དེ་མེད་ན་ཁྱེད་ཚོས་ཨ་ཞང་བསད་པ་རེད་ལབ་ཡིན།དེ་ནས་སང་ཉིན་ཞོགས་པ་ཆུ་ཚོད་བདུན་པའི་ཐོག་སྐུ་ཕུང་མེ་སྲེག་གཏང་གི་ཡིན་སྐུ་ཐལ་ཡར་འཁྱེར་ན་འཁྱེར།མ་འཁྱེར་ན་ང་ཚོས་མེ་སྲེག་གཏང་གི་ཡིན་ཟེར། དེ་རྗེས་ནས་ཨ་མ་ང་གཉིས་ཡར་བཟུང་སོང་།དེ་ནས་མི་མང་ལ་ཨ་ཞང་གི་སྐུ་ཐལ་ཡར་འཁྱེར་ཆོག་གི་མ་རེད།

 རྒྱ་ནག་དབུས་གཞུང་གིས་བཀའ་སླེབས་སོང་ཟེར་ནས་ཁྱབ་བསྒྲགས་བྱས་འདུག ཨ་མ་ང་གཉིས་ཉི་མ་བཅོ་བརྒྱད་བཙོན་འཇུག་བྱས་སོང་། མི་མང་ཡང་མང་པོ་འཛིན་བཟུང་བྱས་འདུག དེ་རྗེས་ནས་ཁྱེད་གཉིས་མར་མགྱོག་པོ་གཏོང་ཆོག་ཆོག་མི་འདུག ཁྱེད་གཉིས་ཁྲིམས་འགལ་ཆེན་པོ་བྱས་འདུག ཡིག་ཆ་ལ་ས་རྟགས་རྒྱག་དགོས་འདུག་ཟེར། ཨ་མས་ངས་ཡི་གེ་གང་ཡང་མི་ཤེས་ས་རྟགས་རྒྱག་གི་མིན། ཁྱེད་ཚོས་ངའི་མགོ་ལ་མེ་མདའ་བརྒྱབ་ན་ཡང་ངས་ས་རྟགས་རྒྱག་གི་མིན། བླ་མ་ངའི་བླ་མ་གཅིག་པུ་མིན། བླ་མ་འཛམ་བུ་གླིང་གི་བླ་མ་ཡིན། ངས་དེ་འདྲ་འགན་ལེན་ཆེན་པོ་ཞིག་ལེན་མི་ཐུབ་ལབ་སོང་། དེ་ནས་ཡང་ཉིན་འགའི་རྗེས་ནས་དེ་མ་རེད།

དོན་དག་གཞན་ཞིག་རེད།ཁྱེད་ཚོ་མར་གཏོང་བར་ཡིན་གཅིག་མིན་གཅིག་ཡི་གེ་འདི་ལ་ས་རྟགས་ཞིག་རྒྱག་དགོས་པ་རེད། ས་རྟགས་དེ་འགོ་ཁྲིད་ངས་རྒྱག་གི་ཡིན།རྒྱག་དགོས་དོན་གཅིག་ནི། ཕྱིའི་རྒྱལ་ཁབ་ལ་ཨ་ཞང་དུག་བརྒྱབ་ནས་བསད་རེད་ལབ་མི་ཆོག གཉིས་པ་ནང་གི་རྒྱལ་ཁབ་ལ་ཁྱབ་བསྒྲགས་བྱེད་མི་ཆོག་ཟེར།  ཁོང་གི་སེན་མོ་ནག་པོ་ཆགས་འདུགམཆུ་ཏོ་ནག་ནག་རེད་ཟེར་ནས་ཁྱབ་བསྒྲགས་བྱེད་མི་ཆོག དེ་འདྲ་རྒྱ་ནག་ལུང་པ་ལ་མར་ཁྲིམས་གཏུགས་བྱེད་མི་ཆོག  གལ་སྲིད་དེ་ལབ་ན་ཁྱེད་ཚོའི་ནང་མི་ཆ་ཚང་ང་ཚོས་འཛིན་བཟུང་བྱ་རྒྱུ་ཡིན་ཟེར་ནས་མཐའ་མར་འགོ་ཁྲིད་ཁོང་རང་གིས་ཡིག་ཆ་དེ་ལ་ས་རྟགས་བརྒྱབ་པ་རེད།

དེ་རིང་ང་ཚོའི་རེ་བ་དང་དོན་ཆེན་དེ་ཅི་རེད་ཟེར་ན་ངའི་ཨ་ཞང་འདས་ཚར་བ་རེད། ཡིན་ན་ཡང་། བོད་ནང་ལ་ཨ་ཞང་འདྲ་བའི་མི་མང་པོ་ཡོད་རེད། ཁོ་ཚོའི་ཚབ་བྱས་ཏེ་ཁྱེད་ཚོ་ལ་ཞུ་རྒྱུ། ཨ་ཞང་གི་དོན་རྐྱེན་དེ་རྒྱ་ནག་གི་ཁྲིམས་ནང་ལ་ཞིབ་འཇུག་ཡག་པོ་ཞིག་བྱ་རྒྱུའི་རེ་བ་ཡོད། ངའི་ནང་མི་བུ་ཕྲུག་བཅས་པ་བློས་བཏང་ནས་འདིར་ཡོང་དོན་ཡང་དེ་ཡིན།  རྒྱ་ནག་གཞུང་གིས་འདི་འདྲ་ལབ་ཀྱི་ཡོད་པ་རེད། ཨ་ཞང་འདས་ཟིན་པ་རེད། ཨ་ཞང་བླ་མ་རྫུན་མ་རེད། ཡིག་ཆ་ནག་པོ་བཀྲམས་པ་རེད་ཟེར་ནས་ལི་ཐང་དགོན་པའི་ནང་ལ་ཨ་ཞང་གི་སྐུ་པར་བཞག་ཆོག་གི་མ་རེད། བླ་མའི་དོན་དག་སུས་གླེང་ན་གསོད་རྒྱུ་ཡིན།འཛིན་བཟུང་བྱ་རྒྱུ་ཡིན།མི་སེར་ལ་སྡུག་པོ་གཏོང་མི་ཆོག་ཟེར་ནས་བཤད་ཀྱི་ཡོད། དེ་འདྲ་སོང་ཙང་།བླ་མའི་ཡང་སྲིད་ཞིག་བྱུང་ན་པཎ་ཆེན་ཆུང་སྲས་དང་གཅིག་པ་ཆགས་རྒྱུ་རེད་བསམ་གྱི་ཡོད། དེ་འདྲ་ཞིག་བྱུང་ཚེ་ཁྱེད་རྣམ་པས་ཤེས་དགོས་པ་ཞིག་ལ་ཨ་ཞང་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་བྱས་ནས་སྡུག་པོ་ཀྱང་ཀྱང་བཏང་ནས་བསད་པ་རེད།དེ་ལ་ཁྱེད་ཚོས་ཞིབ་འཇུག་ཡག་པོ་ཞིག་བྱ་རྒྱུའི་རེ་བ་ཆེན་པོ་ཡོད།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།