རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུགས་སྐོར་གྱི་ཟབ་སྦྱོང་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༠ཉིན་སྤེལ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དང་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུགས་གནང་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་འགོ་འཛུགས་གནང་ཡོད་འདུག

འདི་ཟླའི་ཕྱི་ཚེས་ ༡༨ ནས་ ༢༢ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཡོད་པའི་གུར་གྷ་ཝོན་མ་ནི་སར་དུ་རྟེན་གཞི་བྱས་པའི་ Heritage Village གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དང་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུགས་གནང་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་འགོ་འཛུགས་གནང་ཡོད་འདུག

དེ་ཡང་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་འཁོད་པ་ལྟར་ན། འབྲེལ་ཡོད་ལས་བྱེད་ཚོར་རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུགས་ཐད་གོ་རྟོགས་འཕར་མ་སྐྲུན་རྒྱུ་དང་། བོད་དོན་སྐོར་གླེང་སློང་དང་ཞུ་གཏུགས་ཚགས་ཚུད་ཡོང་ཆེད་ཡིན་འདུག

གཞན་ཡང་ཐེངས་འདིའི་ཟབ་སྦྱོང་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁག་གཅིག་དང་། དོན་གཅོད་ལས་ཁུངས་ཀྱི་ལས་བྱེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༣༥ མཉམ་ཞུགས་གནང་ཡོད།
ཟབ་སྦྱོང་དབུ་འབྱེད་མཛད་སྒོར་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཟབ་སྦྱོང་འདིའི་བརྒྱུད་ལས་བྱེད་ཚོར་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་རྒྱལ་སྤྱིའི་གནས་བབ་སྐོར། དེ་བཞིན་ཞུ་གཏུགས་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གོ་རྟོགས་རྒྱ་ཆེ་ཡོང་རྒྱུ་ཡིན་པ་གསུངས་སོང་།

ཐེངས་འདིའི་ཟབ་སྦྱོང་ནང་ཟབ་ཁྲིད་པའི་ཁོངས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ནང་ཕྱག་ལས་གནང་མྱོང་མཁན་དང་། གཞུང་ཚབ་ཟུར་པ། གསར་འགོད་རིག་པའི་ཐོག་ཆེད་ལས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སོགས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།