༧གོང་ས་མཆོག་གིས་དད་ལྡན་ཨུ་རུ་སུའི་ཆོས་ཞུ་བ་རྣམས་ལ་གསུང་ཆོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༢༤ཉིན་སྤེལ། དེ་རིང་ཞོགས་པར་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཨུ་རུ་སུའི་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གསུམ་རིང་གི་གསུང་ཆོས་དེ་བཀའ་དྲིན་དབུ་འཛུགས་གནང་ཡོད་པ་རེད།

ཐེངས་འདིར་ཁྱོན་དད་ལྡན་ཆོས་ཞུ་བ་༥༠༠༠ལྷག་ཙམ་ཕེབས་ཡོད་པའི་ནང་ནས། བོད་པའི་གྲྭ་བཙུན་གྲངས་༡༡༡༨ཙམ་དང་མི་སྐྱ་གྲངས་༣༦༠། ཨུ་རུ་སུ་༧༠༥། དེ་བཞིན་འཛམ་གླིང་ཡུ་གྲུ་ཁག་༥༠ལྷག་ཙམ་ནས་ཕེབས་པའི་དད་ལྡན་པ་༦༠༥། གཞན་ཡང་ཐོ་འགོད་བྱས་མེད་པའི་ཆོས་ཞུ་བ་གྲངས་༢༠༠༠ལྷག་ཕེབས་ཡོད་པ་རེད་ལ། གང་ཉིད་ཀྱི་གསུང་ཆོས་བོད་སྐད་དང་དབྱིན་སྐད་དེ་བཞིན་ཨུ་རུ་སུའི་སྐད་བཅས་ལ་གསུང་སྒྱུར་ཞུ་བཞིན་ཡོད་པ་རེད།

དེ་ཡང་ཐོག་མར་གང་ཉིད་ཀྱིས་ཐེངས་འདིར་ཆེད་དུ་ཕེབས་པའི་དད་ལྡན་ཨུ་རུ་སུའི་ཆོས་ཞུ་བ་དང་མི་མང་རྣམས་ལ་འཚམས་འདྲི་གནང་བ་དང་ཆབ་ཅིག་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་དེ་ཚོ་ཨུ་རུ་སུའི་ས་ཕྱོགས་དང་ལུང་བ་གང་ནས་ཕེབས་ཡོད་མེད་སྐོར་བཀའ་འདྲི་ལྷུག་པོར་གནང་སོང༌།

དེ་རྗེས་༧གོང་ས་མཆོག་གིས་ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་བྱམས་བརྩེ་སྐོར་བཀའ་སློབ་གནང་དོན། ནང་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་བྱམས་བརྩེ་དེའི་ཐོག་ནས་སོ་སོ་མི་སྒེར་དང་ཁྱིམ་ཚང་དེ་བཞིན་སྤྱི་ཚོགས་བཅས་ལ་ནང་བསམ་བློ་དང་ཕྱིའི་གཟུགས་ཕུང་ལ་ཡང་བདེ་སྐྱིད་བག་ཕེབས་ཡོང་ངེས་ཡིན། དུས་རབས་ཉེར་གཅིག་པའི་ནང་ཕྱིའི་དངོས་པོ་དང་ཚན་རིག་ཧ་ཅང་ཚད་མཐོ་པོར་ཡར་རྒྱས་ཕྱིན་ཡོད་པ་དེའི་དབང་གིས་འགྲོ་བ་མི་རྣམས་ལ་ནད་ཡམས་དང༌། དབུལ་ཕོངས། རྨོངས་པ། ན་ཚ་སོགས་ཉུང་དུ་གཏོང་བའི་ཁེ་ཕན་དང་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་རེད། འོན་ཀྱང་མཚམས་རེ་ང་ཚོས་ཤེས་རྟོགས་བྱུང་བ་གཞིག་ན། ཕྱིའི་དངོས་པོ་ཁོ་ན་ཇི་ཙམ་གྱི་ཡར་རྒྱས་ཕྱིན་ཡང་ནང་གི་སེམས་ལ་ཞི་བདེ་བག་ཕེབས་ཤིག་ཡོང་གི་མེད་པ་ཤེས་ཐུབ། དཔེར་ན། དེང་སང་ཨུ་རུ་སུ་དང༌། ཨ་རི། ཉི་ཧོང་སོགས་སུ་ཕྱིའི་དངོས་པོ་ཧ་ཅང་གི་ཚད་མཐོ་པོ་ཡར་རྒྱས་ཕྱིན་ཡོད་ཀྱང༌། དེ་ཚོའི་ནང་གི་མི་སེར་མང་པོ་མུ་མཐུད་ནས་སྡུག་ངན་དང༌། སེམས་ལ་དལ་ལྷོད་མེད་པ། བློ་ཞུམ་པ། ཁེར་རྐྱང་དུ་ཚོར་བ། དེ་བཞིན་རང་སྲོག་གཅོད་པའི་གནས་ཚུལ་དེ་འདྲ་མང་པོ་ཐོན་བཞིན་ཡོད་པ་རེད།

སྨན་ཟེར་བ་དེ་ཇི་ཙམ་ནུས་པ་དང་ཕན་ཐོག་ཆེན་པོ་ཞིག་ཡོད་ཀྱང་དེང་སང་འཛམ་བུ་གླིང་གི་མི་ཚོས་གཟུགས་པོ་བདེ་ཐང་ཡོང་བར་སེམས་པ་དེ་ཞི་བདེ་ཞིག་དགོས་པ་ནི་ཧ་ཅང་གི་གལ་འགང་ཆེན་པོ་ཞིག་ཡིན་པ་གཞི་ནས་རྟོགས་ཡོད་པ་རེད། དེ་འདྲ་ཡིན་དུས་དེང་སང་མི་རྣམས་ཀྱིས་ནང་གི་སེམས་དེ་ཡར་རྒྱས་གཏོང་རྒྱུའི་ཐབས་ཤེས་དང་ཞིབ་འཇུག་བྱ་རྒྱུའི་འགོ་འཛུགས་བཞིན་པ་རེད། དེ་ལ་དེང་རབས་ཀྱི་སྨན་དང་བཤའ་བཅོས་ཀྱིས་དཀའ་ངལ་སེལ་ཐུབ་ཀྱི་མེད་ཀྱང༌། འགྲོ་བ་མིའི་ཀུན་སྤྱོད་ཡར་རྒྱས་གཏོང་རྒྱུ་དང་ལྷག་པར་བྱམས་སྙིང་རྗེ་སྒོམ་རྒྱུ་དེ་ཡིན་པ་རེད། ང་ཚོས་ཉམས་མྱོངས་ཀྱི་ཐོག་ནས་བཤད་ན། བྱམས་བརྩེ་ཟེར་བ་དེ་ནི་སྐྱེ་དངོས་ནུས་པ་ལའང་བེད་སྤྱོད་ཆེན་པོ་ཞིག་ཡོད་པ་ཤེས་ཐུབ། བྱམས་བརྩེ་ཟེར་བ་དེས་ང་ཚོའི་བསམ་བློ་དང་གཟུགས་ཕུང་ཚུལ་མཐུན་དུ་བསྐྱེད་བསྲིང་བྱེད་པར་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཡིན་པ་རེད།

དཔེར་ན། ཨ་མ་ཡོད་པའི་བྱིས་པ་དང་ཨ་མ་མེད་པའི་བྱིས་པ་གཉིས་དབར་ཆུང་དུས་ནས། ཟས་གོས་དང་སློབ་སྦྱོང་སོགས་གཅིག་མཚུངས་སུ་སྤྲད་པ་ཡིན་ན་ཡང༌། རྗེས་སུ་ཨ་མ་ཡོད་མཁན་གྱི་བྱིས་པ་དེའི་བསམ་བློ་དང་གཟུགས་ཕུང་བྱིས་པ་གཞན་དེ་ལས་ཚད་མཐོ་བ་དང་སྤུས་དག་པ་ཡོད་པ་ང་ཚོས་མངོན་སུམ་ཚད་མའི་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད་པ་རེད་ཅེས་དང༌། ཡང་༧གོང་ས་མཆོག་གིས་གཞི་རྩའི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིན་ཐང་དང་ལྷད་མེད་ཀྱི་མཛའ་བརྩེ་ཟེར་བ་དེའི་འབྱུང་རྩ་ནི་མི་གཞན་གྱི་བདེ་སྐྱིད་ལ་བསམ་ཤེས་བྱེད་པའི་ཐོག་ནས་གཞན་ལ་དགའ་ཞེན་དང༌། བྱམས་བརྩེ། གཏོང་ཕོད་སོགས་ཀྱི་ཐོག་ནས་གནོད་འཚེ་ཅན་གྱི་སེམས་ཚོར་དཔེར་ན་ཁོང་ཁྲོ་དང་ཞེད་སྣང་ནུང་དུ་འགྲོ་བ་དང་དེ་དང་མཉམ་དུ་ནང་གི་སེམས་པ་ཞི་བདེ་དང་འགྲོ་བ་མིའི་ཀུན་སྤྱོད་ཡར་རྒྱས་སུ་གཏོང་ཐུབ་ཅེས་བཀའ་གནང་སོང༌།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཏེ ལོག་རིན་པོ་མཆོག་སྐྱ་ཕབ་ནའང་ནང་བསྟན་ཆོས་རིག་ལ་ཞབས་འདེགས་བསམ་གྱིས་མི་ཁྱབ་པ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།