དགོངས་ཚུལ།

ྋགོང་ས་མཆོག་ནས་རྒྱ་གར་གྱི་མིག་གཤག་བཅོས་ཁང་ཞིག་དབུ་འབྱེད་བསྐྱངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

13november2008111རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༡༡ཚེས་༡༣ཉིན་སྤེལ། ཟླ་༡༡ཚེས་༡༣ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཟླ་བ་ཉིན་རྒྱ་གར་ཡུ་པིའི་མངའ་སྡེའི་མི་རུཌེ་ (Meerut)ཁུལ་དུ་ཡོད་པའི་ཀལ་ཡན་ནམ་ཀ་རོ་ཊིའི་ (Kalyanam Karoti)མིག་གི་སྨན་ཁང་ནས་གསར་འཛུགས་གནང་བའི་མིག་གཤག་བཅོས་ཁང་ཞིག་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང་སྦྲགས་ཉམ་ཐག་མི་མང་ལ་མཐོང་ཚོར་གྱི་མཐུན་འགྱུར་གནང་མཁན་སྨན་ཁང་དེར་ཧིན་སྒོར་འབུམ་ ༡༥ ཞལ་འདེབས་གསོལ་སྩལ་ཡང་གནང་ཡོད་པ་རེད།

དེ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་མཛད་སྒོར་བཀའ་སློབ་ཕེབས་དོན། ངོས་རང་སྨན་ཁང་འདིར་སླར་ཡང་བཅར་རྒྱུའི་གོ་སྐབས་བྱུང་བ་དང་ཆབས་ཅིག་སྨན་ཁང་འདིའི་ནང་དེང་དུས་ཀྱི་འཕྲུལ་ཆས་སོགས་ཀྱི་མཐུན་རྐྱེན་བཙུགས་ཏེ་ཡར་རྒྱས་འགྲོ་བཞིན་ཡོད་པར་དགའ་པོ་ཞེ་དྲག་བྱུང༌། ད་ཆ་ངོས་དང་བྷག་ཤི་ (Bakshi)ངོ་ཤེས་ནས་ལོ་ངོ་བརྒྱད་འགྲོ་གི་ཡོད་པ་རེད། ཡིན་ནའང་ཁྱེད་ཀྱི་གསར་འཛུགས་བྱས་པའི་ལས་གཞི་མུ་མཐུད་ཡར་རྒྱས་འགྲོ་བཞིན་པ་རེད། ང་རང་ཚོའི་ལོ་ལ་ཚད་གཞི་ཞིག་ཡོད་ནའང༌། ང་ཚོའི་བྱ་བ་བཟང་པོ་དེ་མུ་མཐུད་གནས་རྒྱུ་རེད། ལྷག་པར་རྒྱ་གར་ལྟ་བུའི་ཉམ་ཐག་མང་པོ་ཡོད་སར་སྨན་བཅོས་ཀྱི་རོགས་རམ་བྱེད་རྒྱུ་དེ་ནི་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཀྱང་རེད། དེར་བརྟེན་ངོས་ཀྱིས་ཁྱེད་ཚོའི་ཕྱག་ལས་དེར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཚོ་ཚང་མར་བཟང་སྤྱོད་ཀྱི་ཐོག་ནས་མི་མང་ཉམ་ཐག་ལ་རོགས་རམ་བྱེད་རྒྱུའི་ལས་འགན་ཞིག་ཡོད་པ་དེ་དུས་རྟག་ཏུ་སེམས་ནང་དྲན་དགོས་ཀྱི་རེད། ཅེས་བཀའ་སློབ་སྩལ་ཡོད་པ་རེད།

མཛད་སྒོའི་ཐོག་སྨན་ཁང་དེའི་འགན་འཛིན་སྐུ་ཞབས་ཁུལ་བུ་ཤན་བྷག་ཤི་ནས་མགོན་པོ་གང་ཉིད་ཀྱི་རླབས་ཆེན་མཛད་འཕྲིན་ཁག་ལ་ཡི་རངས་བསྔགས་བརྗོད་ཞུས་ཡོད་པ་དང༌། ཐེངས་འདིར་སྨན་ཁང་དེའི་མིག་གཤག་བཅོས་ཁང་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བའི་ནང༌། བོད་མིའི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ང་ཚོས་གསོལ་འདེབས་ཇི་ལྟར་ཞུས་པ་བཞིན་དེ་རིང་འདིར་ང་ཚོའི་བྱ་བ་བཟང་པོར་སྙིང་སྟོབས་དང་ཀུན་སློང་ཆེད་ྋཞབས་སོར་འཁོད་པར་སྐལ་པ་བཟང་པོ་ཞིག་ཡིན་བསམ་གྱི་ཡོད། ཀལ་ཡན་ནམ་ཀ་རོ་ཊིའི་སྨན་ཁང་གི་ངོས་ནས་ཏཱ་ལའི་བླ་མ་མཆོག་ནས་རོགས་རམ་གནང་སྟེ་ཉམ་ཐག་མི་མང་ཚོར་ཞབས་ཕྱི་ཞུ་རྒྱུའི་མཐུན་རྐྱེན་བསྐྲུན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་རྗེས་སྐུ་ཞབས་བྷག་ཤི་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ལོ་ངོ་ཉི་སྟོང་ཙམ་ཕྱིན་པའི་ཊམ་ཀ་ཞིག་དྲན་རྟེན་མཚོན་ཆེད་དུ་ཕུལ་ཡོད་པ་རེད།

སྐབས་དེར་ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་ནང་ལོ་རྒྱུས་ཀྱི་རླབས་ཆེན་མཛད་ཁུར་གསུམ་གྱི་ཐོག་སྐུ་ངལ་སྐྱོན་གྱི་ཡོད་སྐོར་བཀའ་སློབ་ཕེབས་ཡོད་ཅིང༌། མཛད་ཁུར་དེ་གསུམ་ནི་དང་པོ་དེར་རང་ཉིད་མི་ཞིག་ཡིན་པའི་ཆ་ནས་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང༌། གཉིས་པ་དེར་ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བརྩི་བཀུར་དང་མཐུན་སྒྲིལ་ཡོང་བ་བྱ་རྒྱུ། གསུམ་པ་དེར་བོད་མིའི་དབུ་ཁྲིད་ཅིག་ཡིན་པའི་ངོས་ནས་བོད་མིའི་བདེན་དོན་འཐབ་རྩོད་གནང་རྒྱུ་བཅས་ཡིན་པའི་སྐོར་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས་རྒྱ་གར་ནི་འཛམ་གླིང་ནང་མང་གཙོ་ཚད་དང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱ་ནག་དང་དཔལ་འབྱོར། རིག་གཞུང་སོགས་ཀྱི་འབྲེལ་བ་བྱས་པ་དང་བསྟུན་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱལ་ཁབ་དེའི་དཀའ་ངལ་སེལ་ཐབས་བྱེད་རྒྱུའི་ལས་འགན་ཞིག་ཀྱང་ཡོད་སྐོར་བཀའ་སྩལ་བ་མ་ཟད། ལྷག་པར་བོད་དང་རྒྱ་གར་དགེ་སློབ་ཀྱི་འབྲེལ་ལམ་ཡོད་པ་དེ་དག་དྲན་སྐུལ་གནང་བ་དང་འབྲེལ། ད་ཆ་དགེ་ཕྲུག་ཚོར་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་པའི་སྐབས་དེར་དགེ་རྒན་ཚོས་དམིགས་བསལ་གྱིས་རྒྱབ་སྐྱོར་བྱ་རྒྱུའི་ལས་འགན་ཞིག་ཡོད་སྐོར་དང་དེ་ལྟར་རོགས་རམ་གནང་རྒྱུའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

ཐེངས་འདིའི་ཀལ་ཡན་ནམ་ཀ་རོ་ཊིའི་མིག་གཤག་བཅོས་ཁང་གི་མཛད་སྒོ་དེར་ས་གནས་འདི་གའི་དམག་དཔོན་ལ་སོགས་པའི་གནད་ཡོད་ཀྱི་མི་སྣ་ ༢༠༠ ཙམ་ཕེབས་ཡོད་པ་མ་ཟད། ས་གནས་འདིར་བོད་མི་སུད་ཚོང་བ་འགའ་ཞིག་ཡོད་པ་དེ་དག་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཡོད་པ་རེད།

དེ་ཡང་ཀན་ཡན་ཀ་རོ་ཊིའི་སྨན་ཁང་དེ་ནི་མི་རུཌེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ནས་ཕྱི་ལོ་ ༡༩༩༥ ལོར་གསར་འཛུགས་གནང་བ་ཞིག་དང༌། ཁུལ་དེའི་དམག་མི་རྣམས་ནས་འཛིན་སྐྱོང་བྱེད་བཞིན་པའི་ཉམ་ཐག་གི་སྨན་ཁང་ཞིག་ཡིན་པ་རེད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༩༥ ལོར་སྨན་ཁང་དེ་དབུ་འབྱེད་བཀའ་དྲིན་བསྐྱངས་པ་ནས་བཟུང་སྨན་ཁང་དེས་མི་རུཌེ་ནང་དང་གཡས་གཡོན་ས་གནས་ཀྱི་མི་མང་ཚོར་རིན་མེད་ཐོག་ནས་སྨན་བཅོས་གནང་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་རེད་འདུག

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྨན་ཁང་དེ་ཕྱི་ལོ་ ༡༩༩༥ ལོར་གསར་འཛུགས་གནང་སྐབས་ཧིན་སྒོར་ ༧༠༠༠༠ གསོལ་སྩལ་གནང་ཡོད་པ་མ་ཟད། ལོ་བཞིའི་སྔོན་དུ་སྨན་ཁང་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨསེ་པིའི་རབ་ཌུལ་མཇལ་ཁར་བཅར་སྐབས་སླར་ཡང་ཧིན་སྒོར་འབུམ་ ༡༥ དང་ཐེངས་འདིར་སླར་ཡང་ཧིན་སྒོར་འབུམ་ ༡༥ གསོལ་སྩལ་གནང་ཡོད་པ་བཅས་གནས་ཚུལ་དུ། བོད་གཞུང་དྲ་གནས་སུ་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།