༼བོད་ཀྱི་བརྙན་འཕྲིན་༽ཞེས་པ་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༡པའི་ཚེས་༤ཉིན་སྤེལ། དེ་རིང་ཕྱི་དྲོ་ཆུ་ཚོད་༣པའི་ཐོག་བཞུགས་སྒར་དྷ་སའི་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་གི་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ལམ་གསར་པ་༼བོད་ཀྱི་བརྙན་འཕྲིན་༽ཞེས་པའིདབུ་འབྱེད་མཛད་སྒོ་བསྡུས་སོང་ལ། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་བརྙན་འཕྲིན་ལས་གཞི་གསར་པའི་ལས་རིམ་དབུ་འབྱེད་གནང་བྱུང༌།

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་བོད་ཀྱི་བརྙན་འཕྲིན་ལས་གཞིའི་ངོ་སྤྲོད་མདོར་བསྡུས་ཤིག་གནང་དོན། བཙན་བྱོལ་བོད་མིའི་ནང་ཁུལ་དུ་བཙན་བྱོལ་གཞུང་གིས་མཛད་འཕྲིན་དང་ཕྱག་ལས་ག་རེ་གནང་གིན་ཡོད་མེད་དང༌། ཕྱག་ལས་ཀྱི་ངོ་བོ་ག་རེ་ཡིན་མིན་སྒང་ལ་མང་ཚོགས་ཀྱིས་མཁྱེན་དགོས་པ་གལ་ཆེན་པོ་རེད། དེ་བས་ད་ཐེངས་ཕྱི་དྲིལ་ལས་ཁུངས་ཀྱིས་མཐུན་རྐྱེན་ཆ་ཚང་འགྲིག་མིན་ལ་མ་བལྟས་པར་ཚང་མས་སྐུ་ལས་དང་ཐབས་ཤེས་གནང་སྟེ་སྦག་སུ་བརྙན་འཕྲིན་བརྒྱུད་ལམ་གྱི་ལས་གཞི་འདི་བརྩམས་པ་ཡིན། བརྙན་འཕྲིན་བརྒྱུད་ལམ་ནང་གཙོ་བོ་རྒྱལ་དབང་རིན་པོ་ཆེའི་བཀའ་སློབ་གསུང་འཕྲིན་དང་ཆབ་སྲིད་སློབ་སྟོན། ཕྱི་རྒྱལ་ཁག་དང་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་གང་ནུས་ཅི་ལྕོག་གིས་བརྙན་འཕྲིན་ནང་བཅར་འདྲི་ཞུ་རྒྱུ།  དེ་བཞིན་དུ་མང་གཙོ་ཀ་བ་གསུམ་གྱི་སྒྲིག་འཛུགས་འོག་གི་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་ཚོགས་གཞོན་གྱི་བཀའ་སློབ་ལམ་སྟོན་དང་གསལ་བསྒྲགས། བཀའ་ཤག་གི་བཀའ་བློན་ཁྲི་བ་རིན་པོ་ཆེ་མཆོག་དང་བཀའ་ཤག་གི་གསལ་བསྒྲགས་དང་ལམ་སྟོན་སོགས་གསར་འགྱུར་བརྒྱུད་ལམ་འདིའི་ཐོག་ནས་འགྲེམས་སྤེལ་ཞུས་ན་ཚང་མས་གསན་ཡ་གཅིག་པོ་མ་ཡིན་པར། གཟིགས་མཐོང་བརྙན་འཕྲིན་བརྒྱུད་གཟིགས་རྒྱུ་ཡོད་པས་ཚང་མས་དོ་སྣང་ཆེར་གནང་རྒྱུའི་རེ་བ་ཡོད། ཅེས་གསུངས་ཡོད་པ་རེད།

 བཀའ་ཁྲི་མཆོག་གིས་སྦག་སུ་བརྙན་འཕྲིན་བརྒྱུད་ལམ་གྱི་ངོ་བདག་སྐུ་ཞབས་བྷ་ག་ཏ་ལ་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་གནང་བ་དང་སྦྲགས་གསུང་བཤད་བསྩལ་དོན།  སྤྱིར་བཏང་དེ་རིང་སང་ཉིན། གནས་ཚུལ་བརྒྱུད་ལམ་གྱི་དུས་རབས་ཤིག་ལ་བརྩི་ཞིང༌། དེ་ཡིན་ཙང༌། གནས་ཚུལ་བརྒྱུད་ལམ་གྱི་གསར་བརྗེ་ཟེར་བ་དེ་དེང་རབས་ཀྱི་གསར་བརྗེ་མང་པོའི་ནང་ནས་གནད་འགག་ཆེ་བའི་གསར་བརྗེ་ཞིག་ཏུ་བརྩི་གི་ཡོད་པ་རེད། དེ་འདྲའི་གནད་འགག་ཆེ་བའི་གསར་བརྗེ་དེ་འགྲོ་བ་མིའི་འཚོ་བའི་ནང་ལ་འགྲོ་བ་མིའི་བདེ་སྐྱིད་ཀྱི་ནང་ལ་ཕན་ཐོགས་ག་རེ་བྱུང་ཡོད་པ་རེད། ཡང་མིན་ན་གནོད་སྐྱེལ་ཡོད་པ་ང་ཚོས་ཞིབ་ཚགས་པའི་སྒོ་ནས་བལྟ་དགོས་པ་ཞིག་རེད། ད་ལྟ་ནས་བརྩིས་པའི་ལོ་ཉིས་བརྒྱ་གསུམ་བརྒྱའི་སྔོན་ལ་འཛམ་པོ་གླིང་གི་འགྲོ་བ་མི་ཚང་མར་ནང་སེམས་ཀྱི་བདེ་སྐྱིད་དེ་ད་ལྟ་ལས་མང་བ་ཡོད་པ་མ་གཏོགས། ཉུང་བ་ཡོད་འདོགས་མ་རེད། ཕྱི་དངོས་པོ་ཡར་རྒྱས་མང་པོ་ཕྱིན་པ་རེད། དེང་རབས་ཀྱི་ཚན་རིག་དང་འཕྲུལ་ཆས་ཀྱི་ལམ་ནས། དེ་འགྲོ་བ་མིའི་ནང་སེམས་ཀྱི་བདེ་སྐྱིད་དང་ཕྱི་ལུས་ཀྱི་བདེ་ཐང་ལ་ཏན་ཏན་ཕན་ཐོགས་བྱུང་ཡོད་པར་ཆགས་འཇོག་དགོས་པ་རེད། ལྷག་པར་དུ་ཡང་ང་ཚོ་བོད་མི་རིགས་ལྟ་བུ་ལ་མཚོན་ན། བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ཡིག་ཐོག་ལ་འཁོད་པ་ངེས་པ་རྙེད་པ་ཞིག་ལོ་༣༠༠༠་ཡས་མས་ཤིག་ཡོད་པ་རེད། སྤྱིར་བཏངབོད་པའི་མིའི་སྤྱི་ཚོགས་འཛམ་པོ་གླིང་གཞན་པའི་མིའི་སྤྱི་ཚོགས་དང་མཉམ་དུ་བྱུང་ཡོད་པ་རེད་མ་གཏོགས། ང་ཚོ་མིའི་འགྲོ་བ་དེ་རྗེས་མར་བྱུང་ཡོད་ཀྱི་མ་རེད་སྙམ། ཡིན་ནའང་ང་ཚོའི་ཁྱིམ་མཚེས་རྒྱ་གར་ནག་གཉིས་ནང་བཞིན་ང་རང་ཚོ་ལ་ཡིག་ཐོག་ལ་བཀོད་པའི་བྱུང་རབས་ལོ་༥༠༠༠/༧༠༠༠དེ་འདྲ་ཡོད་པ་མ་རེད། ཡིན་ནའང་བྱུང་རབས་དེ་ལ་ཕྱིར་བལྟས་ཤིག་གནང་ཚེ། ས་མཐོ་བོར་བསྡོད་མཁན་གྲངས་ཀ་ཉུང་བའི་བོད་མི་རིགས་དེ་འདྲ་ཞིག་གིས་འགྲོ་བ་མིའི་ཤེས་ཡོན་དང༌། ནང་སེམས་ཀྱི་བདེ་སྐྱིད་མཚོན་ཐབས། ལྷག་པར་དུ་ནང་དོན་རིག་པའི་གནས་བབས་ཀྱི་ཐོག་ལ་བོད་མི་རིགས་ཀྱིས་ཞབས་འདུད་ཞུས་པ་དང་ལག་རྗེས་བཞག་པ་མཉམ་རུབ་བྱས་པ་ཞིག་འཛམ་པོ་གླིང་གི་མི་རིགས་གཞན་པ་གང་ལའང་བྱུང་ཡོད་པ་མ་རེད་ཅེས་ལབ་ན་ཧམ་པ་ཆེ་བ་ལྟ་བུར་འགྲོ་བ་མ་རེད་སྙམ། དེ་འདྲའི་མི་རིགས་དེ་ད་ལྟ་དཀའ་ངལ་ཆེན་པོ་བརྒྱུད་ནས་འགྲོ་བསྡད་པའི་སྐབས་རེད། ཧ་ལམ་ཆགས་འཇིག་གི་ས་མཚམས་ལ་གནས་པའི་སྐབས་ཤིག་རེད། དེ་འདྲའི་སྐབས་ལའང་བོད་མི་རིགས་ལ་འཛམ་པོ་གླིང་གཞན་ལ་མེད་པའི་ལམ་སྟོན་དབུ་ཁྲིད་ཅིག་ཐོབ་ཡོད་པ་རེད། དེའི་སྐུ་དྲིན་ལ་བརྟེན་ནས་ད་ལྟ་འཛམ་པོ་གླིང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་ལ་བོད་མི་རིགས་དང་བོད་ཀྱི་གནས་བབས་གཉིས་ཆ་ཧ་ཅང་གིས་གལ་གནད་ཆེ་བ་དང༌། འགྲོ་བ་མིའི་རིགས་ཚང་མས་དགའ་ཞེན་དང་མོས་མཐུན་བྱེད་པའི་གནས་བབས་ཤིག་ཆགས་བསྡད་ཡོད་པ་རེད། སྐབས་འདིར་ང་ཚོའི་གནས་ཚུལ་ཁྱབ་སྤེལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གནས་ཚུལ་ཁྱབ་སྤེལ་བྱེད་པའི་བརྒྱུད་ལམ་གང་ཡོད་པ་དེ་ང་རང་ཚོས་གང་ཐུབ་ཐུབ་ཀྱིས་བེད་སྤྱོད་གཏོང་བ་དང༌། བེད་སྤྱོད་ཆ་ཚང་གཏོང་བའི་གནས་སྟངས་ཤིག་ཏན་ཏན་རེད། ཅེས་གསུངས་བྱུང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ད་ལྟར་ཡག་པོ་འདུག་མུ་མཐུད་དུ་འཇུག་སྐྱོང་གནང་བར་མཛོད། གངས་ལྗོངས་ཕོ་ཉ



བརྗོད་གཞི་གཞན་ཁག་ལ་གཟིགས།