སྲོག་ཐོག་ཏུ་བཏང་བའི་བོད་མི་བཞིའི་སླད་དུ་གསོལ་འདེབས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༢༦ཉིན་སྤེལ། དེ་རིང་ཞོགས་པར། བཞུགས་སྒར་དྷ་སའི་ཉེ་འདབས་ཀྱི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་བདེ་ལྡན་གཙུག་ལག་ཁང་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་། དཔལ་རྒྱལ་བ་ཀརྨ་པ་མཆོག སྨན་རི་ཁྲི་འཛིན་མཆོག གསར་དུ་དགའ་ལྡན་ཁྲི་བར་ཕེབས་པའི་ཐུབ་བསྟན་ཉི་མ་རིན་པོ་ཆེ་སོགས་བླ་ཆེན་ཁག་དབུ་བཞུགས་ཐོག གྲྭ་བཙུན་དང་སེར་སྐྱ་མང་ཚོགས་བརྒྱ་ཕྲག་དུ་མས་རྒྱ་གཞུང་གིས་ཉེ་ཆར་སྲོག་ཐོག་ཏུ་བཏང་བའི་བོད་མི་བཞིའི་སླད་དུ་གསོལ་འདེབས་སྨོན་ལམ་གསུངས་བྱུང༌།

གསོལ་འདེབས་སྨོན་ལམ་དབུ་འཛུགས་མ་གནང་སྔོན་མགོན་པོ་གང་ཉིད་ཀྱིས་བཀའ་འདི་ལྟར་ཕེབས་དོན། ཉེ་ཆར་ལྷ་སར་མི་བཞི་སྲོག་ཐོག་ལ་བཏང་བ་རེད། ཚང་མ་ལོ་གཞོན་པ་ཤ་སྟག་རེད། ཧ་ལས་པའི་སེམས་པ་སྐྱོ་བོ་རེད། འོན་ཀྱང་། ང་ཚོར་བྱ་ཐབས་ཡོད་པ་མ་རེད། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བུ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེ་སྐྱོང་བར་མཛོད། །ཅེས་སྨོན་ལམ་རྒྱག་རྒྱུ་དེ་རེད། དེ་ཙམ་དུ་མ་ཟད། ཉེ་ཆར་ཡུ་གུར་གྱི་མི་མང་པོ་ཞིག་ལ་སྲོག་ཐོག་གི་ཉེས་ཆད་བཅད་འདུག དེ་བཞིན་ཁ་སང་ཨི་རག་ནང་མི་བརྒྱ་ལྷག་བསད་ཅིང་ལྔ་བརྒྱ་ལྷག་རྨས་པའི་གནས་ཚུལ་ཐོན་འདུག དེ་དང་དེས་མཚོན་པའི་འཛམ་གླིང་འདིར་ཆགས་སྡང་གི་དབང་གིས་མི་མང་པོ་ཞིག་འཕུང་དུ་འཇུག་གིན་ཡོད་སྟབས། ང་ཚོས་བོད་པ་གཅིག་པའི་ཆེད་དུ་མ་ཡིན་པར། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་རྒྱག་དགོས་པ་རེད། ཅེས་གསུངས་ཡོད་པ་རེད། དེ་ཡང་རྒྱ་གཞུང་གིས་སྲོག་ཐོག་ཏུ་བཏང་བའི་བོད་མི་བཞི་ལས་བློ་བཟང་རྒྱལ་མཚན་ལགས་ནི་ལོ་ན་༢༧དང༌། ལོ་ཡག་ལགས་ནི་ལོ་ན་༢༥བཅས་ཁོང་གཉིས་ཀ་ཕ་ཡུལ་ལྷ་ས་ནས་ཡིན་འདུག སྤེན་སྐྱིད་ལགས་དང་མི་གཞན་དེའི་གནས་ཚུལ་སོགས་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།