གནམ་གཤིས་འགྱུར་ལྡོག་ཐད་ཀྱི་རྒྱལ་སྤྱིའི་ལས་འགུལ་ཉིན་མོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༢༤ཉིན་སྤེལ། དེ་རིང་ནི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་རྒྱལ་སྤྱིའི་ལས་འགུལ་ཉིན་མོ་ཡིན་པར་སྟབས་བསྟུན། བོད་གཞུང་དྲིལ་བསྒྲགས་ཁོར་ཡུག་སྡེ་ཚན་དང༌། དྷ་ས་ས་གནས་བོད་མིའི་ཁོར་ཡུག་སྡེ་ཚན། གངས་དཀར་ཏེ་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་བཅས་ཀྱིས་ཐུན་མོང་སྒོས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་མཛད་སྒོ་ཞིག་བཞུགས་སྒར་དྷ་སའི་བོད་ཁྱིམ་ཡན་ལག་མེག་གྷན་ཉིན་སློབ་དུ་བཀོད་སྒྲིག་གནང་སོང་ལ། ཐེངས་འདིའི་མཛད་སྒོ་འདི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཞུགས་མོལ་བགྲོ་གླེང་དང༌། པར་རིས་འགྲེམས་སྟོན། མཚན་རྟགས་བསྡུ་རུབ། གློག་བརྙན་གཟིགས་འབུལ་སོགས་ལས་རིམ་སྣ་མང་གིས་གྲུབ་ཡོད་ཅིང༌། དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་མཛད་སྒོའི་ཐོག་ངོ་ཕེབས་གནང་ཡོད་པ་རེད།

དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ཐད་གསུང་བཤད་གནང་དོན། ང་ཚོ་ཚང་མ་དམ་པའི་ཆོས་ཉམས་ལེན་བྱས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་རྐྱང་རྐྱང་ཆགས་བསྡད་ཡོད་པ་རེད། དེ་བས་ང་ཚོའི་རེ་བ་དེ་སེམས་ཅན་ཡོད་ཚད་སྡུག་བསྔལ་ལས་ཐར་ནས་བདེ་བ་དང་ལྡན་པའི་གོ་འཕང་ལ་བཀོད་ཐུབ་ཡ་ཞིག་དང༌། གང་ལ་སྡུག་བསྔལ་ཡོད་པ་དེ་བདེ་བ་དང་བཏང་སྙོམས་སུ་འགྱུར་བའི་རེ་སྨོན་བྱེད་བསྡད་ཀྱིན་ཡོད་པ་རེད། ང་ཚོའི་སེམས་ནང་ལོག་ལ་རེ་བ་དེ་འདྲ་ཞིག་བཅིངས་གི་ཡོད་པ་རེད་མོད། ཡིན་ནའང་ད་དུང་ང་ཚོའི་བདག་འཛིན་གྱི་བསམ་པ་དེས་ཡང་ནས་ཡང་དུ་དེ་འདྲའི་རེ་བ་སྒྲུབ་ཡ་ལ་བར་ཆད་བྱེད་ཀྱི་ཡོད་པ་རེད། བདག་ཅེས་སོ་སོ་གཅིག་པུ་རང་དབང་ཅན་དང་སོ་སོ་གཅིག་པུ་རང་ཚུགས་ཐུབ་པ་ཞིག་ཡོད་བསམ་པའི་བསམ་བློ་ལོག་པ་ཞིག་ང་ཚོར་ཡོད་སྟབས། རང་གི་དོན་དུ་གཞན་ཁྱད་དུ་གསོད་ཡ་དང་གཞན་གྱི་བདག་དབང་འཕྲོག་ཡ་སོགས་གནས་ཚུལ་མང་པོ་ཞིག་ཡོང་བསྡད་ཡོད་པ་རེད། དངོས་གནས་བྱས་ན། ང་ཚོས་༼ང༽་ཟེར་བ་དེ་ང་ཚོའི་ཉེ་འཁོར་གྱི་སྐྱེས་ལྡན་གྱི་དངོས་པོ་རྣམས་དང་ཁོར་ཡུག་འདི་ལ་མ་བརྟེན་པར་༼ང་ང་༽ཟེར་ཡ་དེ་ཡོང་ཡ་མེད་པ་ཞིག་རེད། དཔེར་ན། ང་ཚོས་ཐ་ན་ཁ་ལག་ཅིག་ཟས་པ་ཡིན་ན་རེད། གྱོན་གོས་ཤིག་གོན་པ་ཡིན་ན་རེད། དཔེ་དེབ་ཅིག་ཀློག་པ་ཡིན་ན་རེད། དངོས་པོ་དེ་དག་ཚང་མ་སྐྱེ་དངོས་གཞན་དང་དངོས་པོ་གཞན་དག་ལ་བརྟེན་ནས་གྲུབ་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཙམ་དུ་མ་ཟད། ཐ་ན་ང་ཚོས་དབུགས་ཤིག་བཏང་བ་ཡིན་ནའང༌། དབུགས་དེ་རྩི་ཤིང་ནགས་ཚལ་ལ་སོགས་པའི་ཕྱིའི་དངོས་པོ་ལས་བྱུང་བ་མ་གཏོགས། རང་རྒྱུད་ལས་བྱུང་བ་ཞིག་མིན་པ་དེ་ཚན་རིག་པས་རིག་པའི་ཁུངས་སྐྱེལ་བྱས་ཡོད་པ་རེད། དེ་འདྲ་ཡིན་ཙང༌། རྒྱལ་བ་རིན་པོ་ཆེས་ལྟ་བ་རྟེན་ཞིང་འབྲེལ་འབྱུང་ཞེས་ང་ཚོ་ཚང་མ་མི་དང་མི། མི་དང་དུད་འགྲོ། མི་དང་ཁོར་ཡུག་སོགས་ཚང་མ་གཅིག་གིས་གཅིག་ལ་བརྟེན་བསྡད་པ་དང་ལྟས་བསྡད་པ་ཞིག་མ་གཏོགས་པས་ཁོ་རང་རང་གིས་གྲུབ་བསྡད་པ་ཞིག་ཡོད་པ་མ་རེད། ཅེས་ག་དུས་ཡིན་ཡང་གསུང་གི་ཡོད་པ་རེད། ཁོང་གིས་གསུངས་བསྡད་པའི་ལྟ་བ་རྟེན་འབྱུང་དེ་སངས་རྒྱས་ཀྱི་ལྟ་གྲུབ་ཁག་པོ་དེ་ཚོ་རེད་དྲན་སྲིད་མོད། དོན་དངོས་ཐོག་ང་ཚོའི་དངོས་ཡོད་ཀྱི་གནས་ཚུལ་དང་དངོས་ཡོད་ཀྱི་འཚོ་བ་ཁོ་རང་རྟེན་ཞིང་འབྲེལ་འབྱུང་གི་གནས་སྟངས་ནང་ཡོད་པ་ང་ཚོས་མཁྱེན་དགོས་པ་ཆགས་བསྡད་ཡོད། དེ་བས་ང་ཚོའི་སྒེར་སོ་སོའི་བྱ་སྤྱོད་ལ་བརྟེན་ནས་རྒྱ་ཆེ་བའི་འཛམ་པོ་གླིང་ལ་ཐད་ཀར་ཤུགས་རྐྱེན་སྤྲོད་ཐུབ་པ་ཞིག་དང༌། བཟང་ངན་གྱི་འགྱུར་ལྡོག་གཏོང་ཐུབ་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ཟེར་ན་འདྲ། རྒྱུ་འབྲས་ཀྱི་ནུས་པ་ཟེར་ན་འདྲ། ལས་འབྲས་ཀྱི་རྣམ་བཞག་དེ་དེ་འདྲ་ཞིག་སྒང་ལ་འཇོག་དགོས་ཀྱི་མེད་དམ་བསམ་གྱི་ཡོད། གང་ལྟར་ཡང༌། དེང་སང་འཛམ་གླིང་ཐོག་རང་བྱུང་གི་གནོད་འཚེ་ཆུ་ལོག་དང་རླུང་འཚུབ། ཐན་པ་ལ་སོགས་པའི་གནད་དོན་དེ་ཚོ་འཛམ་གླིང་གི་ས་ཕྱོགས་གང་སར་ཇེ་མང་དང་རྒྱ་ཇེ་ཆེར་ཕྱིན་ཏེ་མི་མང་པོ་ཞིག་སྡུག་བསྔལ་གྱི་གནས་ལ་སྦྱར་ཡོད་པ་ང་ཚོས་བརྙན་འཕྲིན་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཐོང་ཐོས་ཐུབ་པ་རེད། དེ་འདྲའི་སྡུག་བསྔལ་རྒྱུན་མ་ཆད་པར་ཡོང་བསྡད་པའི་འབྱུང་རྐྱེན་དེ་གང་ལ་ཐུག་ཡོད་པ་རེད་ཟེར་ན། གཙོ་བོ་མིའི་བྱེད་ལས་ལ་བརྟེན་པའི་ང་ཚོ་མིས་ལས་ཀ་ནོར་འཁྲུལ་ཅན་བྱས་པའི་གནོད་སྐྱོན་གྱིས་འཛམ་གླིང་ཧྲིལ་བོ་ཉེན་ཁའི་ནང་འཛུལ་བྱ་བ་ཞིག་དང༌། ཆག་འཇིག་གི་མཚམས་ལ་སླེབས་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་ཙང༌། ང་ཚོས་དམ་པའི་ཆོས་ཉམས་སུ་ལེན་ནས་བྱ་བ་མི་དགེ་བ་རྣམས་སྤངས། བྱ་བ་དགེ་བ་རྣམས་སྒྲུབ། མདོར་ན་བླང་དོར་གྱི་སྤང་བླང་བྱེད་གི་ཡིན་ཞེས་ང་ཚོས་ཁས་བླངས་པ་ཡིན་སྟབས། ང་ཚོས་གཞན་ལ་འཚེ་བ། དེ་བཞིན་དུ་སེམས་ལྡན་ཐམས་ཅད་ཀྱི་རྟེན་གཞིར་གྱུར་བའི་འཛམ་པོ་གླིང་འདིའི་ཐོག་བྱུང་བའི་བྱ་བ་མི་དགེ་དེ་ཚོ་ང་ཚོས་སྤང་ནས། བྱ་བ་དགེ་བའི་ལས་ལ་འཇུག་དགོས་པ་དེ་དང༌། ང་ཚོས་ཐབས་མཁས་པ་དང་ཕན་ནུས་དང་ལྡན་པའི་ཐབས་ལམ་བཙལ་སྟེ། མདོར་ན་འཛམ་པོ་གླིང་འདིའི་ཐོག་ཡོད་པའི་སྲོག་ཆགས་ཡོད་དོ་ཅོག་ལ་བདེ་ཐང་ཡོད་པ་དང་ཀུན་སྙོམས་ཡོད་པའི་མ་འོངས་པ་ཞིག་བསྐྲུན་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།

ཁོང་རིག་གིས་མུ་མཐུད་དུ་ནང་ཆོས་དང་ཁོར་ཡུག་བར་འབྲེལ་བ་དམ་ཟབ་མཆིས་ལུགས་སྐོར་བཀའ་ཕེབས་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྟེན་འབྱུང་ལྟས་གྲུབ་སྟེ། ཆོས་ཐམས་ཅན་རྟེན་ཞིང་འབྲེལ་འབྱུང་ཡིན་པའི་གནས་ལུགས་གཅིག་གསུངས། དེ་བཞིན་དུ་ལས་དང་རྒྱུ་འབྲས་ཏེ། བྱ་བ་བཟང་པོ་ལ་བརྟེན་ནས་འབྲས་བུ་བཟང་པོ་ཡོང་གི་ཡོད་པ་དང༌། བྱ་བ་ངན་པ་བརྟེན་ནས་འབྲས་བུ་ངན་པ་ཡོང་གི་ཡོད་པའི་ལས་རྒྱུ་འབྲས་ཀྱི་འགྲོ་སྟངས་གཅིག་གསུངས། གཞན་ལ་དངོས་སམ་བརྒྱུད་ནས་གནོད་པར་འགྱུར་འགྲོ་བ་ཞིག་ཡིན་ན་དེ་ང་ཚོས་སྤང་དགོས་པ་ཞིག་དང༌། གཞན་ལ་དངོས་སམ་བརྒྱུད་ནས་ཕན་ཐོགས་ཡོང་བསྡད་པ་ཞིག་ཡིན་ན་ང་ཚོས་སྒྲུབ་དགོས་པའི་བླང་དོར་གྱི་ཚུལ་ཁྲིམས་ཤིག་གསུངས། མདོར་ན་ཁོར་ཡག་སྲུང་སྐྱོབ་བྱེད་པའི་མ་རྩ་དེ་སངས་རྒྱས་ཀྱི་ཆོས་ནང་གསལ་བོར་གསུངས་ཡོད་པ་ཚང་མས་མཁྱེན་གསལ་རེད། ཅེས་གསུངས་སོང༌།

མཐའ་དོན་ཁོང་ཉིད་ཀྱིས། མི་རེ་གཉིས་ཀྱིས་ལྷག་བསམ་ཆེན་པོའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ལས་དོན་སྤེལ་བ་ཡིན་ཡང༌། དེས་དཀའ་ངལ་སེལ་ཐུབ་ཡ་ཁག་པོ་རེད། མ་གཞི་ང་ཚོས་འདས་པའི་གནས་ཚུལ་ལ་དཔེ་བལྟ་དུས། ཉིས་སྟོང་ལོ་འགོ་ཚུགས་པ་ནས་བཟུང་འཛམ་པོ་གླིང་ཐོག་རང་བྱུང་གི་གནོད་འཚེ་མང་པོ་བྱུང་ཡོད་པ་རེད་ལ། སྔར་བྱུང་ཟིན་པའི་ཉམས་མྱོང་བསགས་ཏེ་མ་འོངས་པར་དེ་ཚོའི་གནས་ཚུལ་རིགས་བྱུང་བ་ཡིན་ན་ཉེན་སྐྱོབ་ཀྱི་གྲ་སྒྲིག་དང་ལས་འཆར་སྤེལ་གྱིན་ཡོད་མོད། དེ་འདྲའི་འཆར་གཞི་དང་སྨོན་ལམ་བཟང་པོ་ཡོད་པ་ཙམ་གྱིས་མི་ཕན་པར། ང་ཚོས་ངེས་པར་དུ་ཁ་ཡོད་ལག་ཡོད་ཀྱིས་ལས་འགེན་ཁུར་ནས་ལས་འགུལ་བརྩམས་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཅེས་དང༌། གཞན་ཡང་ནགས་ཚལ་དང་ཆུ། རི་དྭགས་སྲུང་སྐྱོབ། གད་སྙིགས་བསྐྱར་བཅོས་སོགས་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐད་ཀར་འབྲེལ་བ་ལྡན་པའི་སྐོར་གྱི་བླང་དོར་བཀའ་སློབ་ཟབ་རྒྱས་གནང་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།