ྋགོང་ས་མཆོག་ཕྱིར་བཞུགས་སྒར་དྷ་སར་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༡༣་ཉིན་སྤེལ། དེ་རིང་ཞོགས་པར་བཞུགས་སྒར་དྷ་སའི་སྲང་ལམ་གྱི་གཡས་གཡོན་དུ་ལག་ཏུ་བདུག་སྤོས་དང་ཁ་བཏགས་བསྣམས་མཁན་གྱི་བོད་རིགས་དང་ཕྱི་གླིང་བ་བརྒྱ་ཕྲག་དུ་མས་རུ་སྒྲིག་སྟེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རི་དང་ཁ་ན་ཌའི་ནང་བདུན་ཕྲག་གསུམ་རིང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་གྲུབ་བསྐྱངས་རྗེས་ཕྱིར་ཕོ་བྲང་དུ་ཞབས་སོར་འཁོད་པར་དགའ་བ་འབུམ་མྱོས་ངང་ཕེབས་བསུ་ཞུས་སོང༌།

དེ་ཡང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་པ་དག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ྋགོང་ས་མཆོག་གིས་ཟླ་འདིའི་ཚེས་༡༥ནས་༡༨བར་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དང༌། དགེ་བཤེས་ཆེ་མཁས་པས་མཛད་པའི་བློ་སྦྱོང་ཚིག་བདུན་མ་དང༌། རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་སོགས་ཀྱི་གསུང་ཆོས་བསྩལ་རྒྱུ་ཡིན་ཁར། གསུང་ཆོས་ཀྱི་ཉིན་མཐའ་མར་ཐུགས་རྗེ་ཆེན་པོའི་བཀའ་དབང་ཡང་གནང་རྒྱུ་རེད་འདུག

གཞན་ཡང་མགོན་པོ་གང་ཉིད་ཀྱིས་ལྷོ་ཤར་ཨེ་ཤ་ཡའི་ནང་བའི་དད་ལྡན་པ་སྐོར་ཞིག་གི་གསོལ་འདེབས་ཞལ་བཞེས་གནང་སྟེ། ཟླ་འདིའི་ཚེས་༢༠ནས་༢༢བར་བདེན་པ་བཞིའི་གསུང་ཆོས་བསྩལ་རྒྱུ་གཏན་འཁེལ་ཡོད་འདུག

ཟླ་འདིའི་ཚེས་༣༡ཉིན་ྋགོང་ས་མཆོག་ཉི་ཧོང་ནང་ཆིབས་བསྐྱོད་ཀྱིས་བདུན་ཕྲག་གཅིག་རིང་གི་མཛད་འཕྲིན་བསྐྱངས་རྒྱུ་ཡིན་ཐོག ཉི་ཧོང་གི་རྒྱལ་ས་ཊོ་ཁུ་ཡོ་ནང་ཡུལ་དེའི་མང་ཚོགས་ལ་བླང་དོར་བཀའ་སློབ་གནང་རྒྱུ་རེད་འདུག

ྋགོང་ས་མཆོག་གི་གསུང་ཆོས་ལ་བཅར་མཁན་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་རྣམས་ཀྱིས་དྷ་སྟེང་བདེ་སྲུང་ཡན་ལག་ལས་ཁུངས་སུ་མིང་ཐོ་བཀོད་དེ་གསུང་ཆོས་འཛིན་བྱང་ལེན་དགོས་ཤིང༌། གཞན་ཡང་ྋགོང་ས་མཆོག་གི་དྲ་ཐོག་གསུང་ཆོས་ཐད་གཏོང་དེ་http://www.dalailama.com/page.128.htm དྲ་གནས་སུ་མཇལ་ཐུབ་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།