ཚིག་མཛོད་ཕྱོགས་བསྒྲིགས་ཤིག་དབུ་འབྱེད་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༩།༠༤ཉིན་སྤེལ། དེ་བས་ལོ་༡༥ལྷག་གི་དུས་ཚོད་བཏང་ནས་ཉམས་ཞིབ་དང་གསོག་སྒྲུབ་བྱས་པར་དུས་ཚོད་མང་པོ་ཞིག་འགོར་སོང་། མཐའ་མ་དེར་ཤེས་རིག་ལས་ཁུངས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྟེན་འགྲུབ་པ་ཞིག་ཡིན།

ཁ་སང་ཉིན་རྒྱབ་ཚོུད་༣།༣༠སྟེང་། ཤེས་རིག་དང་དཔེ་མཛོད་ཟུང་འབྲེལ་གྱི་གོ་སྒྲིག་འོག བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ངམ་རིང་བློ་བཟང་བསྟན་དར་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་པའི་ཚིག་མཛོད་ཅིག་སྒོ་འབྱེད་བྱས་སོང་།

འདིར་ཕེབས་སྐུ་མགྲོན་གཙོ་བོ་ཤེས་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག དམིགས་བསལ་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག ཤེས་རིག་ཐ་སྙད་གཏན་འབབ་ལས་འཆར་འགན་འཛིན་ཀརྨ་སྨོན་ལམ་མཆོག ཚིག་མཛོད་ཕྱོགས་བསྒྲིག་གནང་མཁན་ངམ་རིང་བློ་བཟང་བསྟན་དར་ལགས།
དེ་བཞིན་སྐད་བསྒྱུར་གསབ་སྦྱོང་གི་སློབ་ཕྲུག་རྣམས་དང་གཞུང་ཞབས་ལྷན་ཁང་གི་མི་སྣ་ཁག དེ་མིན་གཞུང་འབྲེལ་མིན་པའི་ལས་ཁང་ཁག་གི་མི་སྣ། གསར་འགོད་པ་བཅས་ཁྱོན་བསྡོམས་མི་གྲངས་༡༠༠ལྷག་ཅིག་འདུར་འཛོམས་ཐོག

ཤེས་རིག་ཐ་སྙད་གཏན་འབབ་ལས་འཆར་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་གསུངས་དོན།
དབྱིན་བོད་ཚིག་མཛོད་གསར་བ་དེ་༢༠༠༠ལོར་པར་རྒྱབ་པའི་རྗེས་སུ། སོ་སོའི་ཉམ་མྱོང་གི་ཆ་ནས་དབྱིན་བོད་ཚིག་མཛོད་གསར་བར་བསྐྱར་ཞིབ་དང་ཁ་སྣོན་གྱིས་ཡར་རྒྱས་སུ་གཏོང་རྒྱུ། དེ་ལས་གལ་ཆེ་བ་ཞིག་ནི་ཚིག་མཛོད་འདིའི་ནང་ཏུ། ཚིག་མང་པོི་ཞིག་དབྱིན་ཇིའི་ཚིག་གི་སྐད་དོད་འདྲ་བ་ཞིག་བཞག་ཡོད་པའི་སྐབས་སུ། མང་པོ་ཞིག་ར་འཕྲོད་ཀྱི་ཡོད་ལ། མང་པོ་ཞིག་དོག་པའི་ངང་དུ་ཡོད་པ། མང་པོ་ཞིག་གསར་དུ་བཟོས་པ་ཡང་ཡོད་པ་རེད། དེ་བས་དང་པོ་དབྱིན་ཇིའི་ཚིག་ལ་བལྟས་ནས་དེ་ནས་བོད་པའི་ཐ་སྙད་ག་འདྲ་ཞིག་ཡིན་པར་སྐོར་བ་རྒྱབ་ནས་སླེབས་པ་རེད་མ་གཏོགས། དང་པོི་ནས་བོད་པའི་ཚིག་མཛོད་ཅིག་སྔོགས་ནས་བོད་པའི་ཚིག་ཅིག་རག་པའི་ལམ་ཁ་དེ་ཡོད་པ་མ་རེད། ང་རང་ཚོར་ད་ལྟ་བར་དུ་ཡོད་བསྡད་པ་སྟེ་མང་ཆེ་བས་དག་ཡིག་ཟེར་གི་ཡོད་པ་དེའི་ནང་དུ། དག་ཆ་དང་དུས་གསུམ་གྱི་འགྲོ་སྟངས། ཚིག་གི་བེད་སྤྱོད་སོགས་དེ་འདྲའི་ཐ་ཐོར་ཞིག་མ་གཏོགས་ཆ་ཚང་བའི་ཚིག་མཛོད་ཅིག་དཀོན་པོ་རེད། དེ་བས་ངས་ཤེས་རིག་ལས་ཁུངས་སུ་རེ་སྐུལ་བྱས་བ་ཡིན།

ད་ལྟ་དབྱིན་བོད་ཚིག་མཛོད་གསར་མ་འདིའི་ནང་དུ་ཡོད་བསྡད་པའི་ཚིག་དང་གསར་བ་བཟོས་པའི་ཚིག ར་འཕྲོད་བྱུང་བ་སོགས་བོད་ཡིག་གི་ཚིག་མཛོད་ཅིག་གི་ནང་དུ་འཛུལ་ནས་བོད་ཡིག་གི་འགྲེལ་བཤད་མེད་པ་ཞིག་ཡིན་ན། བོད་པའི་ཚིག་གི་སྐད་དོད་ནང་དུ་མ་ཚུད་པར་ཁོ་རང་ཁོ་རང་ཟུར་དུ་དབྱིན་ཇི་དང་སྐད་ཡིག་གཞན་པ་ཞིག་གི་མིང་ཐོག་ལ་འགྲོ་བ་མ་གཏོགས་པས། བོད་པའི་ཚིག་མཛོད་ཅིག་སྔོགས་ནས་དེའི་ཚིག་དོན་ཉིས་ཆ་ཏག་ཏག་རག་པའི་འགྲོ་སྟངས་ད་ལྟ་བར་དུ་མེད་པ་སོང་ཙང། མ་འོིངས་པར་ང་ཚོས་ཚིག་གསར་བ་བཟོ་གི་ཡོད་ན་རེད། ཚིག་གཞན་པར་གཡར་གྱི་ཡོད་ན་རེད། མཐའ་མ་དེར་བོད་ཡིག་གི་ཚིག་མཛོད་ཅིག་ཀློག་ནས་དེའི་ནང་དུ་རྙེད་ཡ་ཡོད་པ་ཞིག་བྱེད་དགོས་པར་འཆར་གཞི་དང་ལྡན་པ་ཞིག་ཤེས་རིག་ནས་༢༠༠༡ལོར་ཡར་ཕུལ་བ་ཡིན། ཕལ་ཆེར་དེའི་སྐབས་ཀྱི་བཀའ་བློན་རིན་ཆེན་མཁའ་འགྲོ་དང་དྲུང་ཆེ་ནི་གཅིག་བྱས་ན་ད་ལྟའི་ཚེ་རིང་དོན་འགྲུབ་ལགས་ཡིན་རྒྱུ་རེད། ཡིན་ནའང་། དུས་ཚོད་རིང་པོ་ཞིག་ཕྱིན་པའི་རྗེས་སུ་བཟང་ངན་གང་ཡིན་གྱི་བཀའ་གནང་མཁན་མི་འདུག དགོས་པ་རྒྱུ་མཚན་ཞིག་གཟིགས་ཀྱི་མེད་ན་ནི་ཨུ་ཚུགས་རྒྱབ་དང་མ་རྒྱབ་གལ་མི་འདུག་པས། སོ་སོའི་ངོས་ནས་ལས་གཞི་དེ་ཆུང་ཆུང་ཞིག་མ་གཏོགས་རག་མེད་པ་དེས་འགྲིག་ཡ་མེད་པས། ཚིག་མཛོད་འབོར་ཆེན་པོི་ཞིག་མ་བྱུང་བ་ཡིན་ན་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་ཞེ་དྲག་ཕན་གྱི་མ་རེད་བསམ་པའི་མོད་ལ། བློ་བཟང་བསྟན་དར་ལགས་ཀྱིས་བཀའ་ཤག་ལ་ཕུལ་བའི་དཔེ་མཚོན་གྱི་ཚུད་དེར་བལྟ་རྒྱུ་རག་སོང་། ཁོའི་ལས་འཆར་གྱི་སྒྲོམ་གཞི་དང་ངའི་བསམ་བློིའི་ནང་གི་འཆར་གཞི་གཅིག་པ་རེད།

དེ་ནས་ང་གཉིས་ནང་ཚགས་ཀྱིས་གོ་བསྡུར་བྱས་ཏེ་བཀའ་བློན་ཐུབ་བསྟན་ལུང་རིག་ལགས་སུ་དགོས་པ་རྒྱུ་མཚན་ཞུས་པ་ཡིན། དེའི་རྗེས་སུ་ཚིག་མཛོད་འདིའི་བདག་དབང་ཤེས་རིག་ལས་ཁུངས་སུ་ཡོད་དགོས་པ་དང་པར་ཕུལ་གྱི་འགྲོ་སོང་ཤེས་རིག་ལས་ཁུངས་ནས་གནང་རྒྱུ། བློ་བཟང་བསྟན་དར་ཁོ་རང་ངོས་ནས་ཚིག་མཛོད་འདི་ཁྲོམ་ལ་བཀྲམས་ནས་སྒེར་གྱི་ཁེ་ཕན་ཡོང་བའི་དམིགས་ཡུལ་མེད་པས་ཤེས་རིག་ལས་ཁུངས་ནས་རིན་མེད་འགྲེམས་སྤེལ་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད།

ཚིག་མཛོད་ཕྱོགས་སྒྲིག་མཁན་ངམ་རིང་བློ་བཟང་བསྟན་དར་ལགས་ཀྱིས་གསུངས་དོན།
ཚིག་མཛོད་འདིའི་ནང་དུ་ཆེ་ཆུང་མ་འདྲ་བའི་ཚིག་མཛོད་༡༣ཡོད། དེའི་ནང་གི་གཙོ་བོ་ནི་བོད་ཀྱི་ཚིག་མཛོད་ཆེན་མོ་ཡིན་པ་དང་འདིའི་ནང་དུ་ཕལ་ཆེར་ཚིག་སྟོང་ཕྲག་༦༠ ཙམ་ཡོད།  འདི་ནི་༡༩༩༠ནས་ཚིག་བསགས་ཏེ་གྲུབ་པ་ཞིག  བོད་ནང་ནས་དོན་པའི་ཚིག་མཛོད་ཡག་ཤོས་དེ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་རེད་དེའི་ནང་ནས་གནས་ཚུལ་མང་པོ་ཞིག་བདེན་པ་མ་ཡིན་པ་དང་། ང་ཚོ་རང་དབང་ལུང་པར་ཡོད་མཁན་རྣམས་ཀྱིས་གནས་ཚུལ་གསལ་བཤད་བྱེད་དགོས་པའི་གོ་སྐབས་ཤིག་དང་བྱེད་དགོས་པ་ཞིག་སྔོན་མ་ནས་མཐོང་གི་ཡོད།

དེ་བས་ལོ་༡༥ལྷག་གི་དུས་ཚོད་བཏང་ནས་ཉམས་ཞིབ་དང་གསོག་སྒྲུབ་བྱས་པ་རེད། བཀའ་ཤག་དང་དཔེ་མཛོད་འགན་འཛིན་སྔོན་མ། ཤེས་རིག བོད་ཕྲུག་ཁྱིམ་སྡེ་སོགས་སུ་འདི་འདྲའི་ཚིག་མཛོད་ཅིག་བཟོས་ན་ག་འདྲ་འདུག་པ་ཞུས་མྱོང་ཡོད་ཀྱང་། ལམ་སང་རྒྱབ་སྐྱོར་ཐོབ་པ་དཀའ་ལས་ཁག་པོ་ཡིན་པས་དུས་ཚོད་མང་པོ་ཞིག་འགོར་སོང་། མཐའ་མ་དེར་ཤེས་རིག་ལས་ཁུངས་ཀྱི་རྒྱབ་སྐྱོར་ཐོབ་པ་བྱས་ནས་འགྲུབ་པ་ཞིག་རེད།

གློག་ཀླད་ཀྱི་བརྡ་འཕྲིན་ཁྱབ་བརྡལ་འགྲོ་བའི་སྐབས་དང་བསྟུན། ལོ་བཞི་ལྔ་ཞིག་གི་གོང་ནས་མཉེན་ཆས་བཟོས་ཏེ་གློག་ཀླད་ནང་དུ་བལྟ་རྒྱུ་ཡོད་པ་ཞིག་བཟོས་པ་ཡིན། འདི་བཟོས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་མི་མང་པོ་ཞིག་ལ་བཀྲམས་པས་ཁོ་ཚོས་ཡག་པོ་འདུག་པའི་དགོངས་འཇག་མང་པོ་ཞིག་འདུག་པར་བརྟེན། སློབ་གྲྭ་ཁག་ཏུ་ཚོད་ལྟ་བྱས་ནས་ཡག་པོ་སྤུས་དག་པོི་འདུག་པས་རྒྱ་ཆེ་རུ་གཏོང་རོགས་ཀྱི་འབོལ་སྐུལ་ཞུས་སོང་། མཐའ་མ་དེར་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་དང་བཀའ་མོལ་ཞལ་བཞེས་གནང་སྟེ་དཔེ་མཛོད་དྲ་རྒྱའི་ཕྱག་ལས་གནང་མཁན་བསོད་ནམས་ཟླ་བ་ལགས་དང་མཉམ་རུབ་ཀྱིས་དུས་ཚོད་མང་པོ་ཞིག་བཏང་ཡོད།
མཉེན་ཆས་འདི་ window 7སྐར་ཁུང་བདུན་པར་དམིགས་ནས་བཟོས་ཡོད། ཡིན་ཡང་། འོད་སྡེར་དང་མཐེབ་སྡེར་ནས་ཁ་ཐུག་གིས་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་སོང་།

དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་དོན།
དེང་སང་འཛམ་གླིང་ནང་འཐབ་རྩོད་མང་པོ་ཞིག་ཡོང་གི་ཡོད་རེད། འཐབ་རྩོད་བྱེད་སྟངས་དེ་ལ་ hard power and soft power ། གྲི་དང་མེ་མདའ། མེ་སྒྱོགས་འཁུར་ནས་དབང་ཆ་བེད་སྤྱོད་བྱས་ནས་འཐབ་རྩོད་བྱེད་པའི་ལམ་ཁ་ཞིག་དང་། འཇམ་པོ་ཟེར་ན་རེད། རིག་གཞུང་གིས་འཐབ་རྩོད་བྱས་བསྡད་ཡོད་པ་བཅས་གཉིས་ཀྱི་སྒང་ལ་འགྲོ་གི་ཡོད་རེད། དྲག་པོའི་འཐབ་རྩོད་བྱེད་སྟངས་དེ་གནའ་སྔ་མོའི་བྱེད་སྟངས་ཡིན་པ་དང་དེང་སང་དེའི་དུས་ཚོད་ཡོལ་ཚར་བ་རེད་ཟེར་གི་ཡོད་རེད།

དེང་སང་རྒྱལ་ཁ་ཐོབ་དགོས་ན་མི་མང་ཤེས་ཡོན་ཡོད་པའི་སྒང་ནས་རྒྱལ་ཁ་ཐོབ་དགོས་རེད་ཟེར་བ་གནད་འགག་ཆེན་པོ་མཐོང་གི་འདུག ང་ཚོའི་བོད་པའི་མི་འབོར་མི་ཉུང་ཉུང་ཞིག་ལ་འཛམ་གླིང་གིས་མཐོང་ཆེན་ཡོིང་བསྡད་ཡོད་དུས་སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱགས་དགོས་པའི་གནད་འགག་ཅིག་མཐོང་སོང་།

དེ་ལྟར་ལབ་ཡོང་དུས་ཆོས་དང་རིག་གཞུང་ལ་དགའ་བ་དང་ཞེན་ཁོག་ཡོད་པ་གཅིག་པས་ཕན་ཐོག་ཡོད་མ་རེད། གང་ཡིན་ཟེར་ན། དངོས་ཡོད་གནས་ཚུལ་ལ་བལྟས་ཡོང་དུས་སྐྱབས་བཅོལ་ལ་སླེབས་པའི་མི་འབོར་ཉུང་ཉུང་ཞིག་ག་ས་གང་དུ་བཀྲམས་བསྡད་ཡོད་པས། བོད་ཡིག་སྦྱང་ས་མེད་པ་ཞིག་ཆགས་པ། བོད་ནང་དང་ཕྱི་ལོག་གི་དཀའ་ངལ་བོད་ཡིག་དགེ་རྒན་ཚད་ལྡན་ཞིག་མ་རག་པའི་དཀའ་ངལ་སོགས་དངོས་ཡོད་གནས་ཚུལ་རེད།

དེ་ནས་བོད་པའི་ནང་གི་ཚིག་མཛོད་ཐོག་མ་དེ་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་དེ་ཡིན་ས་རེད། དེའི་མིང་གི་ངོ་གདོང་ཁོ་རང་ལ་བལྟ་ཡོང་དུས་སམ་སྐྲི་ཏའི་ཚིག་བྱེ་བྲག་པའི་དོན་དག་ག་རེ་ཡིན་པ། ནང་པའི་ཐ་སྙད་བྱེ་བྲག་པའི་དོན་ག་རེ་ཡིན་པའི་མིང་སྦྱར་སྟངས་ཤིག་དང་། དེའི་ནང་གི་ཤུགས་ཆེ་ཤོས་དེ་ནང་པའི་ཐ་སྙད་མང་པོ་དང་ཆབས་ཆིག་སྨན། དེ་མིན་པའི་རིག་གཞུང་མང་པོ་ཞིག་གི་ཐ་སྙད་སླེབས་ཡོད་ཙང་དེ་ལ་མ་དཔེ་ཞིག་བླངས། དེ་བཞིན་མ་འོངས་པར་ཚིག་མཛོད་གསར་བ་མང་པོ་ཞིག་བཟོ་དགོས་པ་དང་། རྒྱུ་མཚན་ད་ལྟའི་ཚིག་མཛོད་འདི་རིགས་ཕན་ཐོག་ཆེན་པོ་ཡོད་ཀྱང་། འདི་དག་ནང་ནས་མ་རག་པའི་ཚིག་མང་པོ་ཞིག་སླེབས་དགོས་པ་ཆགས་ཡོད་པ་བཅས་ཀྱི་སྐོར་ནས་བརྗོད་སོང་།

ཤེས་རིག་དྲུང་ཆེ་སྟོབ་རྒྱལ་ཚེ་རིང་ལགས་ཀྱིས་གསུངས་དོན།
ང་ཚོའི་མི་རིགས་ཀྱི་ངོ་བོ་སྐད་དང་ཡི་གེ རིག་བཞུང་སོགས་ཛ་དྲག་གི་གནས་སུ་ལྷུང་ཡོད་པའི་སྐབས་སུ། མ་འོངས་པར་ང་ཚོས་ཉར་ཚགས་ཇི་ལྟར་བྱེད་པར་བོད་མི་རེ་ངོ་རེ་ནས་དགོངས་པ་བཞེས་རྒྱུ་གལ་ཆེན་རེད་བསམ་གྱི་འདུག
ད་ལྟའི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་བལྟས་ན། ང་རང་གི་ཁྱིམ་ཚང་དང་གཡས་གཡོན་གྱི་ཁྱིམ་མཚེས་སོགས་ཀྱིས་སྐྱིད་པོ་དང་སྤྲོ་བོ་བྱེད་པར་དགའ་བོ། ལྟད་མོ་འདྲ་མི་འདྲ་ལ་དགའ་བོ། བརྙན་འཕྲིན་ནང་གི་ལྟད་མོ་རྫོགས་རྒྱུ་མེད་པ་དེར་ལྟ་རྒྱུ་དགའ་བ་སོགས་ཀྱིས་ཉི་མ་འགྲོ་བཞིན་འདུག ང་ཚོས་བོད་པའི་རིག་གཞུང་དང་བོད་ཀྱི་སྐད་ཡིག་མི་བརླག་པའི་སྐོར་ལ་བསམ་གཞིགས་རྒྱ་ཆེར་བཏང་ནས་འབད་བརྩོན་བྱེད་པ་དེ་གལ་ཆེན་རེད་ཅེས་བརྗོད་སོང་།

མཐར་དོན་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ངམ་རིང་བློི་བཟང་བསྟན་དར་ལགས་སུ་རྔན་པ་དང་ཁ་ཏག་ཕུལ་གྲུབ་མཚམས་གསོལ་ཇ་དང་ཞལ་ཟས་འདེགས་འབུལ་བྱས་སོང་བ་བཅས།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ངམ་རིང་བློ་བཟང་བསྟན་དར་གྱི་ཚིག་མཛོད་ཕྱོགས་སྒྲིག་དེ་ཕབས་ལེན་བྱེད་ས། རང་ཉིད་ཀྱི་གློག་ཀླད་དང་། ལག་ཐོག་ཁ་པར་སོགས་ཀྱི་ནང་ཇི་ལྟར་སྒྲིག་འཇུག་བྱེད་སྟངས་རྣམས་དྲ་ཚིགས་ཁ་བྱང་ http://www.sonamdawa.com/2014/09/ngamring-tendar-tibetan-dictionary.html དེའི་ཐོག་གསལ་ཡོད།བརྗོད་གཞི་གཞན་ཁག་ལ་གཟིགས།