གནོད་འཚེ་ཕོག་པའི་ཐའེ་ཝན་མི་མང་གི་ཆེད་དུ་སྨོན་ལམ་འཚོགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ་༨པའི་ཚེས་༢༠ཉིན་སྤེལ། དེ་རིང་ཞོགས་པར་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཏུ། ཉེ་སྔོན་ཐའེ་ཝན་ལ་བྱུང་བའི་ཐའེ་ཕུན་ཞེས་པའི་མཚོ་རླུང་དྲག་ཆར་གྱི་རང་བྱུང་གནོད་འཚེའི་ཁྲོད་གཅེས་སྲོག་ཤོར་མཁན་དང༌། བོར་བརླག་ཏུ་ཕྱིན་མཁན། དེ་བཞིན་རྨས་སྐྱོན་ཐེབས་པའི་ཐའེ་ཝན་མི་མང་གི་ཆེད་དུ་གསོལ་འདེབས་སྨོན་ལམ་གྱི་ཆོ་ག་ཞིག་བཀོད་སྒྲིག་གནང་སོང་ལ། སྨོན་ལམ་ཆོ་ག་དེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གཉིས་ནས་དབུ་མཛད་གནང་ཞིང༌། བོད་མི་གྲྭ་བཙུན་དང་སྐྱ་བོ་༣༠༠ལྷག་སྨོན་ལམ་ཆོ་གའི་ཐོག་ཕེབས་ཏེ་སྨོན་ལམ་རྒྱག་པ་དང་མཆོད་མེ་སྒྲོན་པ་སོགས་དགེ་ཕྱོགས་ཀྱི་ལས་བསགས་ཡོད་པ་རེད།

དེ་ཡང་གསོལ་འདེབས་སྨོན་ལམ་ཆོ་ག་ལེགས་གྲུབ་མཛད་རྗེས་ཆོས་རིག་བཀའ་བློན་མཆོག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན། དེ་རིང་འདིར་གསོལ་འདེབས་སྨོན་ལམ་འཚོགས་དོན་ནི། སྤྱིར་བཏང་ང་ཚོ་ཚང་མ་ནང་བ་སངས་རྒྱས་པའི་ཆོས་རྒྱུད་གཅིག་པ་དང༌། ནང་སྒོས་སུ་ཀུན་འདུས་ཡི་ཤེས་ནོར་བུར་ཡིད་ཆེས་དད་པ་བྱེད་མཁན། དེ་བཞིན་བོད་རིགས་མི་མང་ལ་རོགས་སྐྱོར་གནང་མཁན་གྱི་ཐའེ་ཝན་མི་མང་ལ་དྲག་ཆར་དང་ཆུ་ལོག་གི་རང་བྱུང་གནོད་པས་འཚེས་ཏེ་འདས་གྲོངས་དང༌། བོར་བརླག དེ་བཞིན་རྨས་སྐྱོན་ཕོག་མཁན་ཚོའི་སླད་དུ་ང་ཚོ་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་རྣམ་རྒྱལ་གྲྭ་ཚང་དང༌། དྷ་རམ་ས་ལའི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་གདན་འབོད་གནང་སྟེ་གསོལ་འདེབས་སྨོན་ལམ་འདི་འཚོགས་པ་ཡིན། གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཐའེ་ཕུན་ཞེས་པའི་རང་བྱུང་གནོད་འཚེ་ཁྲོད་ཕལ་ཆེར་ཐའེ་ཝན་མི་མང་༦༠༠ལྷག་རྐྱེན་འདས་དང༤༠༠ལྷག་བོར་བརླག་བྱུང་ཡོད་འདུག ང་ཚོ་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་རྐྱེན་འདས་སུ་ཕྱིན་པའི་ཐའེ་ཝན་མི་མང་རྣམས་གནས་སྐབས་ལྷ་མའི་གོ་འཕང་དང། མཐར་མཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་གསོལ་འདེབས་སྨོན་ལམ་བརྒྱབ་པ་མ་ཟད། ལུས་ལ་རྨས་སྐྱོན་བྱུང་སྟེ་སྨན་ཁང་དུ་བསྡད་ཡོད་པ་རྣམས་མགྱོགས་མྱུར་ངང་དྲག་བསྐྱེད་ཡོང་བའི་སྨོན་ལམ་བཏབ་ཡོད། ཅེས་གསུངས་སོང༌།

ཐའེ་ཝན་དུ་ལོ་ངོ་༥༠ནང་ལ་བྱུང་མྱོང་མེད་པའི་ཐའེ་ཕུན་ཞེས་པའི་མཚོ་རླུང་དྲག་ཆར་གྱི་རང་བྱུང་གནོད་འཚེའི་ཁྲོད། ཐའེ་ཝན་མི་མང་༥༠༠ལྷག་རྐྱེན་ལམ་དུ་ཕྱིན་ཡོད་ཁར། ཁང་ཁྱིམ་དང༌། སྒོ་ཕྱུགས་སེམས་ཅན། དེ་བཞིན་གཞུང་ལམ་དང་ཟམ་པ་སོགས་ལ་གཏོར་སྐྱོན་ཡ་ང་བ་ཐེབས་ཡོད་འདུག་ཅིང༌། འཛམ་གླིང་རྒྱལ་ཁབ་༥༨ལྷག་གིས་ཐའེ་ཝན་གཞུང་ལ་རྒྱུ་དངོས་ཀྱི་རོགས་སྐྱོར་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁྱོད་ཀྱི་བསམ་ན་ངས་ཡང་དེ་བཞིན་དུ་སྨོན་ལམ་འདེབས་ན་བསམ།



བརྗོད་གཞི་གཞན་ཁག་ལ་གཟིགས།