དགོངས་ཚུལ།

ཕི་རན་སིར་གནས་སྡོད་བོད་མིའི་གནས་སྟངས་སྐོར་གླེང་མོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༨པའི་ཚེས་༡༢ཉིན་སྤེལ། ཕི་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་ཀླུ་སྒྲུབ་ལགས་ཉེ་འཆར་དྷ་སར་བཅར་ཡོད་པའི་གོ་སྐབས་དང་བསྟུན་ཏེ། འདི་ག་གསར་ཁང་གིས་ཁོང་བརྒྱུད་ཕ་རན་སིའི་ནང་གཏན་སྡོད་བྱས་ཡོད་པའི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དང༌། ཡུལ་དེ་གར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས། དེ་བཞིན་ྋགོང་ས་མཆོག་གི་བཀའ་དགོངས་ལྟར་ཕ་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སྐད་གསུམ་རྒྱུད་འཛིན་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་འགུལ་ཇི་སྤེལ་ཐད་རྒྱུས་ལོན་རག་ཙམ་བྱས།

དེ་ཡང་བསྟན་འཛིན་ཀླུ་སྒྲུབ་ལགས་ནི་ཕི་རན་སིའི་རྒྱལ་ས་པེ་རི་སིའི་ནང་གནས་སྡོད་བྱས་ཡོད་པའི་ཚོང་གཉེར་བ་གྲགས་ཅན་ཞིག་ཡིན་པ་མ་ཟད། འདས་པོའི་ལོ་༡༧རིང་ལ་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཐད་ཀྱི་ལས་འགུལ་རབ་དང་རིམ་པའི་ནང་འཛུལ་ཞུགས་དང༌། དེ་མིན་ཕི་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་གཞོན་གྱི་ལས་ཁུར་གནང་སྟེ་ཡུལ་དེའི་བོད་མི་གཏན་སྡོད་པ་༧༠༠ལྷག་གི་འཚོ་ཐབས་དང་ལས་ཀའི་ཐད་ལས་དོན་སྣ་མང་སྒྲུབ་མཁན་ཞིག་རེད་འདུག

བསྟན་འཛིན་ཀླུ་སྒྲུབ་ལགས་ཀྱིས་ཕི་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་བྱུང་རིམ་དང་འཕེལ་རྒྱས་མདོར་བསྡུས་ཤིག་བརྗོད་དོན། ཕི་རན་སིའི་བོད་རིགས་ཚོགས་པ་དེ་ཕྱི་ལོ༡༩༧༩ལོར་གསར་བཙུགས་གནང་བ་ཞིག་ཡིན་ཞིང༌། ད་ལྟ་ང་ཚོ་རྒྱུན་ལས་སྐབས་བཅུ་གསུམ་པ་དེ་ཁེལ་ཡོད་པ་རེད། ང་རང་ལ་ཆ་མཚོན་ནས་ཞུས་ན། སྐབས་བཞི་ལ་བསྟུད་མར་རྒྱུན་ལས་ལ་འདེམས་ཐོན་བྱུང་སོང༌། སྤྱིར་བཏང་ལས་ཀ་མང་པོ་འདུག་མོད། བོད་ཀྱི་བསྟན་པ་ཆབ་སྲིད་ཉག་ཕྲ་བའི་དུས་འདིར། སྐྱབས་མགོན་རིན་པོ་ཆེ་གཅིག་པོ་མ་ཡིན་པར། བོད་ས་གནས་སོ་སོའི་མི་མང་རྣམས་ཀྱིས་བོད་དོན་ཐད་འགན་ཁུར་གནང་སྟེ་བོད་སྤྱི་བོའི་དོན་དུ་ཞབས་ཞུ་སྒྲུབ་ཐུབ་ན་ཆོས་རེད་བསམ་ནས་ལས་དོན་སྒྲུབ་ཀྱིན་ཡོད། ཕི་རན་སི་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གནས་སྟངས་ཀྱི་ཆ་ནས། ཆབ་སྲིད་གཅིག་པོ་མ་ཡིན་པར་ཆོས་དང་རིག་གཞུང་སོགས་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་བཞིན་ཡོད་ལ། དེ་དག་ཡར་རྒྱས་གོང་སྤེལ་གཏོང་རྒྱུ་ནི་ང་ཚོ་རྒྱུན་ལས་རྣམས་ཀྱི་ལས་དོན་གཙོ་བོའང་ཆགས་བསྡད་ཡོད། ཅེས་བརྗོད་བྱུང༌།

ཁོང་གིས་མུ་མཐུད་དུ་ཕི་རན་སི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མའི་གྲངས་འབོར་དང༌། བོད་རིགས་མཐུན་ཚོགས་དེས་ད་ལྟའི་བར་སྤེལ་བྱ་བའི་ལས་འགུལ་དག་འགྲེལ་བརྗོད་གནང་དོན།
ཕྱི་ལོ༡༩༧༠ནང་བོད་པ་ཐོག་མ་དེ་ཕི་རན་སིའི་ནང་སླེབས་ཡོད་ཅིང༌། དེ་དག་ལས་མང་ཆེ་ཤས་དྷ་རམ་ས་ལ་ནས་ཚུར་གཞུང་འབྲེལ་ཐོག་བཏང་ནས་ཡོང་བ་རེད། དེ་རྗེས་ལོ༨དང་༩ལ་སོན་པའི་བོད་ཕྲུག་༡༦ལྷག་བཙན་བྱོལ་བོད་གཞུང་གིས་ཕི་རན་སི་ལ་སློབ་སྦྱོང་དུ་མངགས་གཏོང་བྱས་ཡོད་པ་རེད། དེ་ལྟར་ཕྱི་ལོ ༡༩༩༢ལོར་ཕི་རན་སིའི་ནང་ཁྱོན་བསྡོམས་བོད་མི་སུམ་ཅུ་སོ་གྲངས་ལྷག་ཡོད་ཅིང༌། ད་ལྟ་ཕི་རན་སིའི་ནང་བོད་མི༧༠༠ལྷག་ཡོད་པ་རེད། ཕི་རན་སིའི་ནང་གི་བོད་མིའི་གྲངས་འབོར་ཇེ་ཆེར་འགྲོ་བ་བསྟུན་ཕི་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ཀྱི་གྲངས་འབོར་དེའང་༡༠་ནས་༡༢ལ་འཕར་སྣོན་བྱས་ཡོད་པ་རེད། དེ་མ་ཟད་སྔར་ལོར་པེ་ཅིང་ཨོ་རྩེད་ཀྱི་དཔལ་འབར་སྐོར་སྐྱོད་རུ་ཚོགས་དེ་པེ་རི་སིར་འབྱོར་དུས། ང་ཚོས་ཞི་བའི་ངོ་རྒོལ་གྱི་ལས་རིམ་སྣ་མང་ཞིག་སྤེལ་བ་ཡིན་ལ། སྐབས་དེར་ལས་འགུལ་བཀོད་སྒྲིག་བྱེད་མཁན་གྱི་རྒྱུན་ལས་ཀྱི་མ་འདང་བ་བྱུང་བའི་ཉམས་མྱོང་གཞིར་བཞག་གིས་ད་ལོར་རྒྱུན་ལས་ཀྱི་ཁ་གྲངས་ཡར་སྤར་བ་ཡིན། དེ་བཞིན་ཕི་རན་སིའི་ས་གནས་བོད་རིགས་ཀྱི་མི་འབོར་ལ་གཞིགས་ཏེ་བོད་ཕྲུག་གང་མང་ཞིག་འཚར་ལོངས་བྱུང་བཞིན་ཡོད་ཅིང༌། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་སོ་སོའི་རིག་གཞུང་དང་སྐད་ཡིག་མ་བརླགས་པ་ཡོང་སླད། ས་གནས་རྒྱུན་ལས་ཀྱིས་ཁོངས་སུ་ཝ་ར་ན་སི་ནས་སློབ་ཐོན་ཕྱིན་པའི་བོད་ཡིག་མཁས་པ་བསྡུ་རུབ་དང༌། ཕི་རན་སིའི་ནང་གི་བོད་ཀྱི་ཕྲུག་གུ་དང་དར་མ་རྣམས་ལ་བོད་ཡིག་འཛིན་གྲྭ་ཆེད་འཛུགས། ཕ་རན་སི་བོད་རིགས་ཚོགས་པའི་དྲ་རྒྱ་གསར་བཟོ། ཕ་རན་སིའི་བོད་རིགས་སྤྱི་ཚོགས་ནང་ཕྱག་འཕྲིན་སོགས་ཀྱི་འབྲེལ་འདྲིས་བྱེད་དུས་བོད་ཡིག་བོད་སྐད་བེད་སྤྱོད་བྱ་བཞིན་ཡོད་བཅས་ཀྱི་བྱ་འགུལ་སྤེལ་ཡོད། ཅེས་བརྗོད་སོང༌།

ཕ་རན་སིའི་ནང་འཚོ་གནས་བྱས་ཡོད་པའི་བོད་མིའི་འཚོ་བའི་གནས་སྟངས་ཐད་ཁོང་གིས་འདི་ལྟར་འགྲེལ་བརྗོད་གནང་དོན།
ཕ་རན་སིའི་ནང་ཁྱོན་བསྡོམས་ཧ་ལམ་བོད་ཀྱི་ས་ཁང་དང་ཚོང་ཁང་༣༠ཙམ་ཡོད་ལ། ཡུལ་དེ་གར་ཡོད་པའི་སྐྱབས་བཅོལ་བ་གཞན་དག་ཚོར་དང་བསྡུར་ན་བོད་མི་སྐྱབས་བཅོལ་པའི་འཚོ་བའི་གནས་སྟངས་ཡག་པོ་ཡོད་པ་རེད། གང་ཡིན་ཞེ་ན། ལས་ཀ་མི་བྱེད་པར་དུས་རྟག་ཏུ་ཕི་རན་སིའི་གཞུང་གི་རོགས་སྐྱོར་ལ་ལག་པ་སྲིང་མཁན་ནམ། སྐྱབས་བཅོལ་པའི་ཁེ་དབང་ལོངས་སྤྱོད་མཁན་གྱི་བོད་མི་ཉུང་ཉུང་རེད། ཅེས་བརྗོད་སོང༌།

ཕི་རན་སིའི་བོད་རིགས་མཐུན་ཚོགས་ཀྱི་མཐུན་འགྱུར་འགན་ལེན་འོག་ཕི་རན་སིའི་རྒྱལ་ས་པེ་རི་སི་རུ་བོད་ཡིག་བོད་སྐད་སྦྱོངས་སའི་འཛིན་གྲྭ་ཞིག་བཙུགས་ཡོད་མོད། ད་ལྟའི་འཆར་འཛིན་གྲྭ་དེར་འཛུལ་ཞུགས་བྱེད་མཁན་གྱི་བོད་རིགས་སློབ་མ་འགའ་ཤས་ཤིག་ལས་མི་འདུག འོན་ཏེ་འབྱུང་འགྱུར་ནང་བོད་ཡིག་འཛིན་གྲྭ་དེའི་ནང་བོད་རིགས་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་བོད་སྐད་སོགས་ཀྱི་ཤེས་བྱ་རྣལ་མ་ཞིག་སྦྱོངས་ཐུབ་པ་ཕྲུག་གུའི་ཕ་མ་དག་ལ་དཔེ་སྟོན་བྱ་སླད། ཕི་རན་སིའི་བོད་རིགས་ཚོགས་པའི་རྒྱུན་ལས་དག་གིས་ལས་དོན་ཧུར་སྒྲུབ་བྱེད་བཞིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
སྙིང་ནས་ཉེ་བའི་སྤུན་ཟླ་བསྟན་འཛིན་ཀླུ་སྒྲུབ་འམ་གངས་སེང་བསྟན་འཛིན་ལགས་ཁྱེད་ལྟ་བུ་གཞུང་དྲང་ལྷག་བསམ་ལྡན་པ་བཙན་བྱོལ་སྲིད་གཞུང་ནང་ཤིན་ཏུ་དཀོན་པའི་ཁྱེད་ཀྱི་མཛད་སྤྱོད་ལ་བསྔགས་བརྗོད་དང་འཚམས་འདྲི་ཡོད། ལི་ལྗོངས་གངས་ཕྲུག
ང་ནས་ཉེ་བའི་སྤུན་ཟླ་བསྟན་འཛིན་ཀླུ་སྒྲུབ་འམ་གངས་སེང་བསྟན་འཛིན་ལགས་ཁྱེད་ལྟ་བུ་གཞུང་དྲང་ལྷག་བསམ་ལྡན་པ་བཙན་བྱོལ་སྲིད་གཞུང་ནང་ཤིན་ཏུ་དཀོན་པའི་ཁྱེད་ཀྱི་མཛད་སྤྱོད་ལ་བསྔགས་བརྗོད་དང་འཚམས་འདྲི་ཡོད། ལི་ལྗོངས་གངས་ཕྲུག



བརྗོད་གཞི་གཞན་ཁག་ལ་གཟིགས།