རྒྱ་ནག་གིས་འཇིགས་སྐུལ་རྒོལ་རྡུང་གི་གནས་རིམ་སྤར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ཟླ་༨ པའི་ཚེས་༢༩ ཉིན་རྒྱ་ནག་གསར་འགོད་མཐུན་ཚོགས་ཀྱིས་པེ་ཅིང་དུ་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་པའི་སྟེང་། རྒྱ་ནག་སྲིད་གཞུང་གིས་སྔོན་གྱི་“འཇིགས་སྐུལ་རྒོལ་རྡུང་མཉམ་ལས་ཚོགས་ཆུང་”ཟེར་བ་དེ་ད་ལྟའི་ཆར་“འགོ་ཁྲིད་ཚོགས་ཆུང་” དུ་གནས་རིམ་སྤར་ཡོད་པ་སོགས་ཀྱི་གསར་འགྱུར་ཐོན་འདུག

རྒྱ་ནག་གསར་འགོད་མཐུན་ཚོགས་ཀྱི་གོ་སྒྲིག་འོག གསར་འགོད་འདུ་འཛོམས་ཤིག་འཚོགས་ཡོད་པའི་སྟེང་། རྒྱ་ནག་གི་འཇིགས་སྐུལ་རྒོལ་རྡུང་ཆེད་ལས་མི་སྣ་གདན་འདྲེན་ཞུས་ཏེ་ཕྱིའི་བརྒྱུད་ལམ་ཁག་གི་གསར་འགོད་པ་དང་མཉམ་དུ་གླེང་མོལ་བྱེད་པའི་སྐབས། ཤྭིན་ཅང་ནང་གི་ཤར་ཏི་ཀི་སི་ཐན་གྱི་སྟོབས་ཤུགས་ནི་རྒྱ་ནག་ལ་འཕྲད་པའི་ཆེས་ཉེན་ཁ་ཆེ་བའི་འཇིགས་སྐུལ་རེད་ཅེས་བརྗོད་ཡོད་འདུག

ཕྱི་ཟླ་༨ པའི་ཚེས་༢༩ ཉིན་རྒྱ་ནག་གསར་འགོད་མཐུན་ཚོགས་ཀྱིས་པེ་ཅིང་དུ་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་པའི་སྟེང་། རྒྱ་ནག་གི་དེང་རབས་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་བདེ་འཇགས་དང་དམག་གི་སྟངས་འཛིན་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ལི་ཝན་གདན་ཞུས་བྱས་ཏེ། “རྒྱལ་སྤྱིའི་འཇིགས་སྐུལ་རྒོལ་རྡུང་གི་གནས་བབ་དང་རྒྱ་ནག་ལ་འཕྲད་པའི་འཇིགས་སྐུལ་གྱི་ཉེན་ཁ་” ཞེས་པའི་བརྗོད་གཞིའི་ཐོག  ཕྱིའི་བརྒྱུད་ལམ་ཁག་གི་གསར་འགོད་པ་དང་རྒྱ་ནག་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་རིགས་རྣམས་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས་ཡོད་པ་རེད།
ལི་ཝན་གྱིས་བརྗོད་དོན།  “ཉེ་ཆར་འཇིགས་སྐུལ་རྒོལ་རྡུང་མཉམ་ལས་ཚོགས་ཆུང་དེ་འགོ་ཁྲིད་ཚོགས་ཆུང་དུ་སྤར་བ་ནི་རྒྱ་ནག་གི་འཇིགས་སྐུལ་རྒོལ་རྡུང་དེ་རིམ་པ་གསར་པ་ཞིག་གི་ཐོག་ཏུ་སླེབས་ཡོད་པར་མཚོན་པ་རེད་ཅེས་དང་། གནད་ཡོད་ས་ཁུལ་གྱི་འཇིགས་སྐུལ་རྒོལ་རྡུང་བྱ་བར་སྟབས་བདེའི་སྒོ་ནས་རྒྱལ་ཁབ་རིམ་པའི་ཐོན་ཁུངས་ཤུགས་ཆེར་གཏོང་ཆོག་པ་རེད།”

ལི་ཝན་གྱིས་གསར་འགོད་པའི་བཞུགས་མོལ་འཚོགས་འདུའི་སྟེང་དབྱེ་ཞིབ་བྱས་པ་ལྟར་ན། དེང་གི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཚོགས་པ་དང་སྒྲིག་འཛུགས་ཁག་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པ་དང་། དྲ་རྒྱ་ཡང་ཉིན་རེར་བཞིན་འཇིགས་སྐུལ་རིང་ལུགས་པའི་བེད་སྤྱོད་བྱས་པའི་ལག་ཆ་དང་སྡིངས་ཆ་ཞིག་ཏུ་འགྱུར་བཞིན་ཡོད། ཤར་ཏི་ཀི་སི་ཐན་ནི་རྒྱ་ནག་ལ་འཕྲད་པའི་ཆེས་ཉེན་ཁ་ཆེ་བ་དང་། ཆེས་ཐད་ཀར་དང་ཡང་ན་ཆེས་དངོས་ཡོད་ཀྱི་ཁ་བྲལ་སྟོབས་ཤུགས་དང་འཇིགས་སྐུལ་རིང་ལུགས་ཤིག་རེད། རྒྱ་ནག་ནང་དུ་ད་དུང་ཤར་ཏི་ཀི་སི་ཐན་གྱི་སྒྲིག་འཛུགས་ཡོད་པ་དང་། རྟེན་གཞི་ཡོད་པའི་སྟོབས་ཤུགས་ཤིག་ཆགས་ཐུབ་མེད་པས། ཤྭིན་ཅང་དུ་“ཤར་ཏི་ཀི་སི་ཐན་རིང་ལུགས་པ་རྣམས་”ཤོག་ཁག་དང་དཔུང་སྒྲིག་གི་ངོ་བོའི་ཐོག་ནས་གནས་ཡོད།  ཕྱི་ལོགས་ཀྱི་ཤར་ཏི་ཀི་སི་ཐན་གྱི་སྒྲིག་འཛུགས་དེ་ཤྭིན་ཅང་ལ་འཕྲད་པའི་ཆེས་ཉེན་ཁ་ཆེ་བའི་འཇིགས་སྐུལ་ཞིག་ཆགས་ཡོད་ཅེས་བརྗོད་འདུག

ཕྱིའི་འགྲོ་བ་མིའི་ཐོབ་ཐང་དང་བརྒྱུད་ལམ་ཁག་གིས་ཤྭིན་ཅང་དང་བོད་ཀྱི་དྲག་པོའི་ཟིང་འཁྲུག་གི་གནས་ཚུལ་བརྗོད་སྐབས། མི་རིགས་ཀྱི་གནད་དོན་དང་མི་རིགས་ཀྱི་སྲིད་བྱུས་ཀྱི་ངོ་བོའི་ཐོག་ནས་དབྱེ་ཞིབ་བྱེད་བཞིན་པ་ལྟར། རྒྱ་ནག་གི་འཇིགས་སྐུལ་རྒོལ་རྡུང་ཆེད་ལས་པ་ལི་ཝན་གྱིས་ཕྱིའི་བརྒྱུད་ལམ་ཁག་ཅིག་གི་དྲི་བར་ལན་འདེབས་བྱེད་སྐབས། ཤྭིན་ཅང་དང་བོད་ཀྱི་དྲག་པོའི་ཟིང་འཁྲུག་གི་དོན་རྐྱེན་དེ་མི་རིགས་ཀྱི་གནད་དོན་དང་སྲིད་བྱུས་ལ་འབྲེལ་བ་ཡོད་པར་ཁས་ལེན་བྱས་མེད་པ་མ་ཟད། རྒྱ་ནག་གིས་ཁྲིམས་ལུགས་ལྟར་འཇིགས་སྐུལ་ལ་རྒོལ་རྡུང་གཏོང་བཞིན་པ་དང་། རྒྱ་ནག་གི་གྲངས་ཉུང་མི་རིགས་སྲིད་བྱུས་ལ་གནད་དོན་གང་ཡང་མེད་ཅེས་བརྗོད་འདུག

གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞང་གིས་བརྗོད་པ་ལྟར་ན། རྒྱ་ནག་གི་གྲངས་ཉུང་མི་རིགས་སྲིད་བྱུས་ནང་དུ་རྣམ་པ་ཙམ་གྱི་སྒོ་ནས་དཔལ་འབྱོར་རོགས་སྐྱོར་བརྗོད་དེ། ཆོས་ལུགས་ཀྱི་རྒྱུ་རྐྱེན་སྣང་མེད་དུ་གཏོང་བཞིན་པ་དང་། སྲིད་གཞུང་གིས་ཕྱི་དངོས་པོའི་མཐུན་རྐྱེན་ཐད་མ་རྩ་འབོར་ཆེན་གཏོང་བཞིན་ཡོད་ཀྱང་། གྲངས་ཉུང་མི་རིགས་ཚོར་རག་པའི་ཁེ་ཕན་ཧ་ཅང་ཉུང་ཉུང་རེད་ཅེས་བརྗོད་འདུག་པ་དེ་སོགས་དྲ་ལམ་ཁག་ལ་གསལ་བསྒྲགས་སྤེལ་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།