དགོངས་ཚུལ།

རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་གསར་པ་ཁྲོམ་ཐོག་རིན་པོ་ཆེ་མཆོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༨པའི་ཚེས་༡༨ཉིན་སྤེལ། རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ལས་ཐོག་པ་སྐུ་ཞབས་ཁྲོམ་ཐོག་རིན་པོ་ཆེ་མཆོག (ཕྱི་ལོ་ ༡༩༤༨) བོད་ས་བྱི་ལོར་ཤར་མདོ་ཁམས་ལི་ཐང་གྱོང་པ་ཞེས་པའི་ལུང་པའི་དཔོན་ཚང་གྱོང་པ་ཚང་ངམ་ནོར་མཁོ་ཚང་དུ། ཡབ་ནོར་མཁོ་རྡོ་རྗེ་རྒྱལ་མཚན་དང། ཡུམ་ཨོ་ཐོག་དཔོན་ཚང་གི་སྲས་མོ་ཨ་རྟ་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་པར་ལི་ཐང་མཁན་ཟུར་ཁྲོམ་ཐོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ། ལི་ཐང་དགོན་ཆེན་ནམ་ལི་ཐང་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་ནང་ཁྲི་འདོན་གྱི་མཛད་སྒོ་ཕུན་སུམ་ཚོགས་པར་ཞུས།

ལོ་དེར་ཡུམ་ཨ་རྟ་ལྷ་མོའི་གཅེན་པོ་ཨ་ཡ་ཆོས་མཛད་ཞེས་ཨོ་ཐོག་ལ་སྙན་གྲགས་ཤིན་ཏུ་ཆེ་བ་ཞིག་བཞུགས་པའི་མདུན་དུ་བོད་ཡིག་གི་སྦྱོར་ཀློག་ཐོག་མར་བསླབས། དེ་ནས་ཆོས་སྤྱོད་སོགས་སེར་སྨད་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བློ་བཟང་འཇམ་དབྱངས་མཆོག་གི་དྲུང་དུ་བསླབས། མཁན་ཟུར་བློ་བཟང་འཇམ་དབྱངས་མཆོག་གིས་ཆོས་སྤྱོད་ཀྱི་ཚིག་འབྲུ་རེ་རེ་ནས་བློ་ཐོག་ཏུ་རྒྱུགས་ལེན་མཛད་དེ། རིན་པོ་ཆེས་དག་ཡིག་སོགས་དམིགས་བསལ་སྦྱངས་བརྩོན་མཛད་མི་དགོས་པ་བྱང་ཆུབ་པར་གྱུར།

ཕྱི་ལོ་ ༡༩༥༦ ལོ་ནས་ཕ་ཡུལ་ལི་ཐང་ལ་རྒྱ་རྒོལ་དམག་འཁྲུག་གི་དབུ་བཙུགས་ཏེ་བདེ་སྐྱིད་ཀྱི་ཉི་མ་ནུབ་རིའི་ཕག་ཏུ་བཞུད་པར་བརྟེན། རིན་པོ་ཆེ་དགུང་ལོ་དགུ་ལ་ཕེབས་སྐབས་(ཕྱི་ལོ་ ༡༩༥༧) བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ནས་དབུས་ཀྱི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་སེ་ར་ཐེག་གླིང་བྱེས་པ་གྲྭ་ཚང་དུ་ཆོས་སྒོར་ཞུགས། ༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་གི་ཡོངས་འཛིན་སྐུ་བགྲེས་༸སྐྱབས་རྗེ་གླིང་སྤྲུལ་རྡོ་རྗེ་འཆང་མཆོག་གི་དྲུང་དུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཞུས། དུས་དེ་ནས་བཟུང་རིན་པོ་ཆེས་གཞུང་ལུགས་ཆེན་པོ་ལ་ཐོས་བསམ་གྱི་དབུ་འཛུགས་དེ། ཕྱི་ལོ་ ༡༩༥༩ ལོའི་བོད་ཀྱི་ས་ཕག་དུས་འགྱུར་ཆེན་པོའི་བར་དཀའ་སྤྱད་ལྷུར་བླངས་ཀྱིས་ཐོས་བསམ་ཆེས་ཆེར་མཛད།

ང་དགུ་ལོར་རིན་པོ་ཆེ་དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་གུང་དམག་གིས་མེ་མདེལ་གྱི་དྲག་ཆར་ཕབ་སྐབས། སེ་རར་མེ་སྒྱོགས་རྒྱག་པའི་དགོང་མོ་དེར་འཕན་པོའི་ཡུལ་དུ་བྲོས་བྱོལ་དུ་ཕེབས། དེར་ཉིན་བཅོ་ལྔ་ཙམ་བཞུགས་ཀྱང་དེའི་ཕྱོགས་སུ་གུང་དམག་ཆེས་མང་པོས་མེ་མདའ་གང་བྱུང་དུ་འཕངས་ནས་རྩ་རི་བརྒྱུད། ཟླ་བ་བཞི་ལྷག་ཙམ་རྐང་ཐང་དུ་ཕེབས་ཏེ་སྐུ་ངལ་ཚད་མེད་མྱང་ནས་རྒྱ་གར་མུ་སི་མ་རིར་བཙན་བྱོལ་དུ་ཕེབས་ཐུབ་ཙམ་བྱུང།

དེ་ནས་རིན་པོ་ཆེ་གདན་ས་གསུམ་གྱི་དགེ་འདུན་པ་སུམ་སྟོང་ལྔ་བརྒྱ་དང་ལྷན་དུསྦག་ས་ཆོས་སྒར་ལ་ཕེབས་ཏེ། ཐོས་བསམ་སྒོམ་གསུམ་ལ་མུ་མཐུད་ནས་དཀའ་སྤྱད་སྙིང་རུས་ཆེན་པོས་བརྩོན་འགྲུས་བརྩམས་ནས་མཁས་པའི་གོ་ས་བརྙེས། དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཕེབས་སྐབས་བཞུགས་སྒར་ཕོ་བྲང་རྙིང་པའི་ནང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་དྲུང་དུ། དགེ་སློང་གི་དངོས་པོ་ཡང་དག་པ་ཞུས་ཏེ་ཆོས་འདུལ་བའི་མངའ་བདག་ཆེན་པོར་གྱུར།

སྦག་ས་ཆོས་སྒར་ནས་སེ་རའི་དགེ་འདུན་པ་སུམ་བརྒྱ་ལྷག་དང་ལྷན་དུ་རྒྱ་གར་ལྷོ་ཕྱོགས་སྦེ་ཀོབ་ལ་གནས་སྤོས་མཛད་དེ། ཕྱག་ལས་གནང་ཞོར་དུ་ཐོས་བསམ་མཐར་ཕྱིན་ནས་དགུང་ལོ་སུམ་ཅུ་སོ་གསུམ་ལ་ཕེབས་སྐབས་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་ལ་ཕེབས་ནས་གསང་ཆེན་སྔགས་ཀྱི་ཐེག་པ་ཀུན་ལ་ཞིབ་ཏུ་སྦྱངས། དེ་ཚར་ནས་བརྒྱད་ཅུ་གྱ་གྲངས་ལ་ཕ་ཡུལ་དུ་ཕེབས་ཏེ་གཞན་དོན་རྒྱ་ཆེན་མཛད། ཕྱིར་རྒྱ་གར་དུ་ཕེབས་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་དགེ་སྐོས་ཀྱི་ཐུགས་འགན་བཞེས། དེང་བྱེས་ཀྱི་བོད་རྒྱུད་ནང་བསྟན་ཆེན་མོའི་རྩ་བ་བམ་ཕྱི་མོ་ནི་སྐབས་དེར་སྦག་ས་ཆོས་སྒར་ནང་ངལ་བ་ལྷུར་ལེན་མཛད་པའི་བླ་སྤྲུལ་དང་དགེ་འདུན་པ་རྣམས་ཡིན་པ་ནི་སྨོས་ག་ལ་དགོས།

རྒྱ་གར་ནང་ཐུགས་འགན་རྣམས་རེ་ཞིག་ཚར་ནས་བརྒྱད་ཅུ་གྱ་གྲངས་ལོར་ཨེ་ཊ་ལེར་ཕེབས་ཏེ་རབ་བརྟན་དགེ་འཕེལ་གླིང་ཆོས་ཚོགས་བཙུགས། ཐོག་མར་གང་ཅིའི་ཐད་ལ་སྐུ་ངལ་མང་པོ་འཕྲད་འདུག་ཀྱང། ངལ་བ་ལྷུར་བླངས་ཀྱིས་རིམ་པས་སློབ་མ་ཇི་མང་དུ་སོང་ནས་ཆོས་ཚོགས་རྙིང་པའི་ནང་མ་ཤོང་པར་ཁང་པ་གསར་པ་ཞིག་ཉོས་ཏེ་༸གོང་ས་མཆོག་སྒོ་འབྱེད་ལ་གདན་འདྲེན་ཞུས། ད་ལྟའི་ཆར་ཕྱི་གླིང་པའི་སློབ་མ་ཉིས་སྟོང་དྲུག་བརྒྱ་ཙམ་ལ་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་དབང་ལུང་མན་ངག། མཐར་ན་འཇིག་རྟེན་ལུགས་ཀྱི་སློབ་བྱ་ཚན་ཆད་མ་ཡིས་བུ་གནང་བ་ལྟར་མཛད་ཏེ་གཞན་ཕན་གྱི་བགྱི་བ་རྨད་དུ་བྱུང་བ་གནང། ཕ་ཡུལ་བོད་ནང་དུ་ཡང་སློབ་གྲྭ་དང་སྨན་ཁང་གསར་འཛུགས་གནང་སྟེ་སྤྱི་ཚོགས་གཞན་ཕན་གྱི་མཛད་པ་རླབས་ཆེན་མཛད་ཡོད།

ཕྱི་ལོ་ ༢༠༠༩ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་ཐོག་བདུན་པ་བསྩལ་གནང་མཛད་དེ། ནུབ་ཕྱོགས་སུད་སི་ཡུལ་དུ་མཁན་པོ་གསར་པའི་མཇལ་ཁ་ཞུས། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༨ ཚེས་ ༡༣ ཉིན་བཞུགས་སྒར་རྩེ་རྣམ་རྒྱལ་གྲྭ་ཚང་དུ་མཁན་པོའི་ཁྲི་འདོན་མཛད་སྒོ་ཟབ་རྒྱས་ཞུས། ཁྲི་འདོན་གྱི་མཛད་སྒོ་ལ་ལྷོ་ཕྱོགས་གདན་ས་ཁག་གི་འབྲེལ་ཡོད་གྲྭ་ཚང་དང། ཁམས་ཚན། མི་ཚན། བླ་བྲང་སོགས་དང། ད་དུང་བཞུགས་སྒར་རྡ་རམ་ས་ལར་བཞུགས་པའི་འབྲེལ་ཡོད་དང་ཕ་ཡུལ་གཅིག་པ་སོགས་ཀྱིས་མཇལ་དར་དང་དངོས་འབུལ་གྱིས་སྣེ་དྲངས་ཏེ་མཇལ་ཁ་ཞུས། ཉིན་དེའི་འབྲེལ་ཡོད་མཇལ་དར་འབུལ་མཁན་ཀུན་ལ་རིན་པོ་ཆེ་བླ་བྲང་ནས་ཉིན་གུང་གསོལ་ཚིགས་རྒྱས་པ་ཞིག་ཕུལ་བ་སོགས་མཛད་སྒོ་ཕུན་སུམ་ཚོགས་པ་བྱུང།

རིན་པོ་ཆེའི་མ་འོངས་པའི་དགོངས་པ་ཡང་ད་ལྟའི་མཛད་སྤྱོད་ཇི་བཞིན་སྐུ་ནས་འདོད་ཆུང་ཆོག་ཤེས་དང་སྤྱི་ཚོགས་གཞན་ཕན་ཁོ་ནར་གནང་རྒྱུ་ལས། བླ་བྲང་དང་སྐུ་སྒེར་རྒྱས་སྤྲོས་ལོངས་སྤྱོད་ལ་དབུ་ནམ་ཡང་འཁོར་རྒྱུ་མིན་ཞེས་ཤིན་ཏུ་སེམས་འགུལ་ཐེབས་པའི་གསུངས་བཤད་མང་པོ་གནང་བྱུང། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག གངས་རྒོད



བརྗོད་གཞི་གཞན་ཁག་ལ་གཟིགས།