བོད་དོན་ཆེད་སྟོབས་ཆེན་རྒྱལ་ཁབ་༢༠་ནས་ཆིག་བསྒྲིལ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ལོའི་ཟླ་༩ཚེས་༤ཉིན། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྟོབས་ཆེན་འབྱོར་ལྡན་རྒྱལ་ཁབ་ཉི་ཤུ་༼G20༽ ལྷན་ཚོགས་ཀྱི་དབུ་ཁྲིད་ཚོར་རྒྱ་ནག་གི་དབུ་ཁྲིད་ཞི་ཅིན་ཕིན་ལ། རྒྱ་གཞུང་གི་བོད་ཐོག་འཛིན་པའི་ཕམ་ཉེས་སུ་སོང་བའི་སྲིད་ཇུས་ལ་ཡོ་སྲང་དང་བོད་དོན་ཐོག་མཉམ་སྡེབ་ཀྱི་གདོང་ལེན་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་གསལ་བསྒྲགས་ཤིག་སྤེལ་འདུག

དེ་ཡང་གསལ་བསྒྲགས་སུ་འཁོད་དོན། ༼G20 ལྷན་ཚོགས་ཀྱི་སྔ་ནུབ་གྱི་ཉིན་འདིར་བཞུགས་སྒར་དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ནས་ G20 ལྷན་ཚོགས་ཀྱི་དབུ་ཁྲིད་ཚོར་༼བོད་ཀྱི་ཆེད་དུ་ཆིག་སྒྲིལ་བྱེད།༽ ཅེས་པ་དང༌།  རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་ནས་ལོ་ངོ་དྲུག་ཅུའི་ནང་བོད་མི་ཚོར་ཚད་ལས་བརྒལ་པའི་་མནར་གཅོད་འོག་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་འགོག་ཐབསཆེད་ཕྱི་ཟླ་ ༩ པའི་ཚེས་༥དང་༦ ཉིན་གཉིས་ཀྱི་ལྷན་ཚོགས་ཐོག་གླེང་སློང་ངེས་པར་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། རྒྱ་གཞུང་གིས་མཁྲེགས་བཟུང་སྲིད་ཇུས་ལ་བོད་ནང་དུ་བོད་མི་ཚོས་ཞི་རྒོལ་དང༌། ཚད་མཐོའི་ཆེན་ལས་འགུལ་རང་ལུས་མེར་བསྲེགས་བཏང་སྟེ། རང་རྒྱལ་ཁབ་ཀྱི་རིག་གཞུང་སྲུང་སྐྱོབ་དང༌། རྒྱ་གཞུང་གི་སྲིད་ཇུས་ལ་མི་འདོད་པ་གསལ་སྟོན་བྱས་ཡོད་པར།  G20 ལྷན་ཚོགས་ཐོག་ཕེབས་པའི་རྒྱལ་ཁབ་དབུ་འཁྲིད་རྣམས་ནས་ངེས་པར་དུ་བོད་ཀྱི་ཛ་དྲག་གི་གནད་དོན་ཐོག་གླེང་སློང་དང་ནོར་འཁྲུལ་གྱི་སྲིད་ཇུས་གསལ་སྟོན་བྱེད་གནང་དགོས་པའི་འབོད་སྐུལ་ལས་འགུལ་ཞིག་རྡ་སར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ནས་སྤེལ་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་ནས་“རྒྱ་ནག་ལ་འཛམ་གླིང་དགོས་པ་བཞིན་འཛམ་གླིང་ལ་ཡང་རྒྱ་ནག་དགོས་ཀྱི་ཡོད།  དཔལ་འབྱོར་གྱི་གནད་དོན་སྲ་བརྟན་དགོས་པ་ཤེས་པ་དང་ཆབས་གཅིག་ང་ཚོས་ངེས་པར་དུ་འགྲོ་བ་མིའི་རིན་ཐང་དང་ཆེ་མཐོང༌། དེ་ལ་བརྟེན་པས་ཐོབ་ཐང༌། སོགས་ཀྱང་གཅིག་འགྱུར་གྱིས་སྲུང་སྐྱོབ་དང་གུས་བརྩི་དགོས་པའི་འགན་ལྗིད་ཡོད་པ་དྲན་དགོས།
བོད་ཀྱི་གཞོན་ལྷན་གྱི་ངོས་ནས་གསལ་སྟོན་ཞུ་རྒྱུར། ཆབ་སྲིད་དང་དཔལ་འབྱོར་དྲང་བདེན་ངང་གོང་འཕེལ་དང་སྲ་བརྟན་འགྲོ་དགོས་པ་དང་ G20 ལྷན་ཚོགས་ཀྱི་དབུ་ཁྲིད་རྣམས་ནས། མི་རིགས་སུ་འདྲ་ཞིག་ཡིན་ཡང་དེའི་གཞི་རྩའི་ཐོབ་ཐང་དང༌། རིགས་རུས་དབྱེ་འབྱེད་མེད་པར་གཞི་རྩར་བཞག་ནས་དཔལ་འབྱོར་ཡར་རྒྱས་གཏོང་དགོས་རྒྱུ་དང༌།  འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིགས་གཏོང་མཁན་གྱི་སྲིད་གཞུང་ལ་ངོས་ལེན་མེད་པ་ཐེར་འདོན་དང༌། ལམ་སྟོན་དགོས་པའི་རེ་འདུན་འདོན་གྱི་ཡོད”ཅེས་གསུངས་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་སྒྲོལ་མ་ལགས་ནས་ “བོད་ནང་གི་གནས་སྟངས་མུ་མཐུད་དེ་ཛ་དྲག་ཏུ་གནས་ཡོད་པ་དང༌།  དེ་ཡང་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་རྒྱ་གཞུང་མཉམ་དཔལ་འབྱོར་གལ་ཆེར་བརྩི་ནས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མནར་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱེད་པར་འགན་འཁུར་གྱི་དོ་སྣང་དང་ཐེ་བྱུས། གནོན་ཤུགས་སྤྲོད་པ་སོགས་གནང་རྒྱུའི་ཚབ་ཏུ། ངོ་སྲུང་གིས་རྒྱ་ནག་འགོ་འཁྲིད་རྣམས་ངན་པ་རྒྱ་ཡན་དུ་བཞག་རྐྱེན། བོད་ནང་བོད་མི་བརྒྱ་ལས་བརྒལ་བས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་སྲིད་ཇུས་ཕྱིར་བསྒྲགས་གནང་དགོས་ཐུག་ཡོད།  རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་ཆབ་སྲིད་སྲ་བརྟན་གྱི་གནད་དོན་ནི་བོད་ནང་འགྲོ་བ་མིའི་ཚེ་སྲོག་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་རྩ་བ་ནས་མེད་པར་མཁྲེགས་འཛིན་ཅན་གྱི་སྲིད་ཇུས་ལག་ལེན་དང༌།  རང་བྱུང་གི་ཁོར་ཡུག་ལ་ཚད་ལས་བརྒལ་བའི་གཏོར་སྐྱོན་གཏོང་བཞིན་པ་དང་ཐད་ཀར་འབྲེལ་བ་ཆགས་ཡོད།   དེ་ནི་ཉེ་ཆར་བོད་མདོ་ཁམས་རྟའུ་རྫོང་དུ་དད་ལྡན་མི་མང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པར་རྒྱ་དམག་ནས་མི་མང་ནང་གང་བྱུང་དུ་མེ་མདའ་བརྒྱབ་པ་དང༌།
རྫ་སྟོད་དུ་ཁྲིམས་འགལ་ཐོག་ཕ་ལམ་གྱི་གཏེར་ཁ་སྔོག་འདོན་བྱས་པར་མི་མང་ནས་ཞི་རྒོལ་བྱེད་སྐབས་ཚད་ལས་འདས་པའི་རྡུང་རྡེག་བཏང་ཡོད་པ་སོགས་ནི་དཔེ་མཚོན་ཞིག་ཡིན།”

ཁོང་གིས་མུ་མཐུད་“རྒྱ་གཞུང་ནས་བོད་ནང་ཇི་ཙམ་དམ་དྲག་བྱས་པ་དེ་རྩིས་ཀྱིས་བོད་མིའི་འགོག་རྒོལ་གྱི་བློ་སྟོབས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད།  དེ་ནི་གང་དུ་དྲག་ཤུགས་ཡོད་པ་དེ་རུ་འགོག་རྒོལ་ཡོད་པ་ཆོས་ཉིད་རེད། ཞི་རྒོལ་གྱི་རྦ་རླབས་འཕྱུར་ཐེངས་རེར་གདུག་རྩུབ་ཆེ་བའི་རྒྱ་གཞུང་གི་དམག་མི་དང་ཁྲིམས་ཐོག་ནས་བོད་མི་རྣམས་ལ་ཚད་བརྒལ་མནར་གཅོད་གཏོང་བ་དང་དྲང་བདེན་མ་ཡིན་པའི་གསར་འགྱུར་དྲིལ་བསྒྲགས་བྱེད་ཀྱི་ཡོད།  སྟབས་མ་ལེགས་པར་རྒྱལ་སྤྱི་ལྷན་ཚོགས་ནས་ཀྱང་གདུག་རྩུབ་ཅན་གྱི་རྒྱ་གཞུང་གི་སྲིད་ཇུས་འོག་བོད་མི་རྣམས་ཚད་ལས་འདས་པའི་སྡུག་བསྔལ་མྱོང་བཞིན་པ་དེ་དག་ལ་བཟང་ཕྱོགས་ཀྱི་ཡ་ལན་གནང་རྒྱུ་ལས་ཟློག་སྟེ་རྒྱ་གཞུང་གི་དམག་ཤུགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནོན་ཤུགས་ཐེབས་ནས་ཁུ་སིམ་མེར་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད།”ཅེས་དང༌།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་གར་བྱམས་ནས་“ལོ་ངོ་མང་པོ་ཞིག་གི་རིང་ང་ཚོས་རྒྱལ་སྤྱིའི་གཞུང་ཁག་ལ་བོད་ཀྱི་ཆེད་དུ་ཆིག་སྒྲིལ་དང་རྒྱ་གཞུང་གི་ཐུབ་ཚོད་ལ་མཉམ་དུ་གདོང་ལེན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།  ཞི་ཅིན་ཕིན་ལ་མཚོན་ན་འདི་ནི་ཁོ་བོས་རྒྱ་གཞུང་གི་གཙོ་འཛིན་ཆགས་ནས་ལོ་ངོ་གཅིག་གི་ནང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་བའི་དམངས་གཙོའི་དབུ་ཁྲིད་ཁག་དང་མཉམ་དུ་G20གི་ལྷན་ཚོགས་ཚོགས་པ་ཐེངས་དང་པོ་དེ་ཆགས་ཡོད་པས་ལྷན་ཚོགས་ཐོག་ཕེབས་མཁན་གྱི་དབུ་ཁྲིད་ཚོས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་གསལ་བཤད་བྱེད་དགོས་པའི་དུས་ལ་སླེབས་ཡོད།” ཅེས་གསུངས་ཡོད་པ་རེད།

གཞན་ཡང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ནས་གསུངས་དོན་“བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཐེངས་༡༢༠ལྷག་བྱུང་ནས་གནས་ཚུལ་ཧ་ཅང་ཛ་དྲག་ཆགས་བཞིན་པ་འདིར་རྒྱལ་སྤྱིའི་གཞུང་ཁག་ནས་ངེས་པར་དུ་དོ་སྣང་དགོས་ཀྱི་འདུག   ང་ཚོས་G20གྱི་དབུ་འཁྲིད་རྣམས་ལ་རང་ཉིད་ཀྱི་རྒྱལ་ཁབ་དང་རྒྱ་ནག་དབར་གྱི་གཞི་རྩའི་འབྲེལ་ལམ་དམ་བཟུང་བྱེད་པ་དང་ཆབས་གཅིག་ལོ་ངོ་དྲུག་བཅུ་ལྷག་བཙན་གནོན་བྱས་པའི་བོད་ཀྱི་གནད་དོན་ཐོག་དྲང་བདེན་གྱི་འགྱུར་བ་ཞིག་ཡོང་རྒྱུར་ནུས་པ་ལྡན་པའི་ཐབས་ཤེས་ཤིག་འཚོལ་རྒྱུར་རེ་སྐུལ་ཞུ་གི་ཡོད།”

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་རྒྱལ་སྤྱིའི་མི་མང་ནས་ G20གྱི་དབུ་ཁྲིད་ལ་བོད་ཀྱི་གནད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་མཉམ་འབྲེལ་རྒྱབ་སྐྱོར་དགོས་པ་དང༌།    རྒྱལ་སྤྱིའི་གཞུང་ནས་བོད་ཀྱི་གནད་དོན་ཐོག་དོན་ཕན་ལྡན་པའི་སྲིད་ཇུས་ལག་བསྟར་དགོས་པའི་འབོད་བསྐུལ་ཞུ་ཡི་ཡོད།

“སྤྱི་ལོ་ ༢༠༠༩ ནས་བོད་མི་༡༢༠ཙམ་གྱིས་རང་ཉིད་ཀྱི་ལུས་པོ་མེ་རུ་བསྒྲོན་ནས་རྒྱ་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ཡོད།   བོད་མི་ཚོས་འདི་ལྟར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རང་གི་ཚེ་སྲོག་ཚུན་ཆད་བློས་བཏང་ནའང་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་དབུ་ཁྲིད་ཚོར་གནད་དོན་འདིའི་ཐོག་གནོན་ཤུགས་སྤྲད་དེ་ཁ་གྲགས་འཇུག་མེད།  འཛམ་གླིང་མི་མང་ནས་གནད་དོན་འདིར་དོ་ཁུར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་དང༌།  ངས་ཀྱང་རྒྱ་གར་གཞུང་ལ་བོད་དོན་ཀྱི་ཆེད་དུ་ཕྱོགས་མང་དང་མཉམ་འདེབས་ཀྱི་བྱ་སྤྱོད་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།” ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་ལས་རོགས་Rashi jauhri ཡིས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་ངེས་པར་དུ་རྒྱ་ནག་གིས་ཚོང་འབྲེལ་ཕྱིར་འཐེན་དང་མཚམས་འཇོག་བྱེད་རྒྱུའི་འཇིགས་སྐུལ་བྱེད་པ་ནི་དོན་དམ་དུ་ཁ་སྤོབས་ཙམ་ཡིན་པ་ཤེས་དགོས།  G20 ལྷན་ཚོགས་ཀྱི་སྲིད་གཞུང་ཁག་ལ་རྒྱ་ནག་གི་འབྲེལ་ལམ་དགོས་པ་ལྟར་རྒྱ་ནག་ལ་ཡང་ G20 ལྷན་ཚོགས་ཀྱི་སྲིད་གཞུང་ཁག་གི་རྒྱབ་སྐྱོར་དགོས་ཀྱི་ཡོད།  གང་ལྟར་ཀྱང་ G20ལྷན་ཚོགས་ཀྱི་སྲིད་གཞུང་ཁག་གི་མཛའ་འབྲེལ་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ལམ་ཞིག་ཡིན་པས་རྒྱ་ནག་གཞུང་དང་ལྷན།  འདྲ་མཉམ་དང་མང་གཙོའི་ལྟ་གྲུབ་ཀྱི་སྲོག་ཤིང་ལ་ངེས་པར་དུ་དོ་ཕོག་མི་འགྲོ་བ་བྱེད་དགོས་ཀྱི་ཡོད།

རྒྱ་ནག་དམར་ཤོག་སྲིད་གཞུང་གི་གཙོ་འཛིན་ཆགས་ནས་ལོ་ངོ་གཅིག་མ་ཟིན་ཙམ་སོང་བའི་ཞི་ཅིང་ཕིང་ G20གི་ལྷན་ཚོགས་ཐོག་ཕེབས་སྐབས་དང་བསྟུན་དེར་ཡོད་དབུ་ཁྲིད་ཚོས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ཡོ་བསྲང་བྱེད་དགོས་པའི་དྲན་བསྐུལ་བྱེད་པའི་དུས་ལ་སླེབས་ཡོད།

བོད་ལ་མཚོན་ན་ད་ལྟ་ནི་ཆེས་ཛ་དྲག་གི་དུས་སྐབས་ཤིག་ཆགས་ཡོད་པས་ G20ལྷན་ཚོགས་ཀྱི་དབུ་ཁྲིད་ཁག་ནས་བོད་ཀྱི་ཆེད་དུ་ཆིག་སྒྲིལ་དགོས་པའི་དུས་ལ་བབས་ཡོད།༽ ཅེས་གསལ་བསྒྲགས་སུ་འཁོད་འདུག

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ནི།
བོད་ཀྱི་གཞོན་ནུ་ལྷན་ཚོགས།
བོད་ཀྱི་བུད་མེད་ལྷན་ཚོགས།
རྒྱལ་ཡོངས་མང་གཙོ་ཚོགས་པ།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ།


གསར་འགོད་པ་སྐལ་བཟང་སྒྲོལ་མ།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།