མང་གཙོའི་དུས་ཆེན་ཐེངས་ ༥༣ པའི་ཐོག་བཀའ་ཤག་གི་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ ཟླ་ ༩ ཚེས་ ༢ རེས་གཟའ་ཟླ་བ་ཉིན་དབུས་བོད་མིའི་སྲིད་སྐྱོང་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་གཙོའི་དུས་ཆེན་ཐེངས་ ༥༣ པའི་ཐོག་མིང་མང་སེར་སྐྱ་སྟོང་ཕྲག་མང་པོ་དང་མཉམ་དུ་གསུང་བཤད་གནང་བ་གཤམ་གསལ།


མང་གཙོའི་དུས་ཆེན་ཐེངས་ ༥༣ པའི་ཐོག་བཀའ་ཤག་གི་གསུང་བཤད།

༢༠༡༣ ཟླ་ ༩ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །དེ་རིང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ ༥༣ འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར་བཀའ་ཤག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། གཞིས་བྱེས་བོད་མི་ཡོངས་དང་བོད་ཀྱི་གྲོགས་པོ་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༦༠ ལོའི་དེ་རིང་གི་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་གཟིགས་སྣང་ལྡན་པའི་དབུ་འཁྲིད་ལམ་སྟོན་འོག་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་དེ་ནི། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་ཕྱོགས་སུ་འགྲོ་རྒྱུའི་གོམ་པ་དང་པོ་དེ་ཆགས་ཡོད།
སྐབས་དེར་བོད་མི་རྣམས་བཙན་བྱོལ་ལ་འབྱོར་མ་ཐག་ཡིན་པས། རང་ཡུལ་བྲལ་བའི་སེམས་གདུང་དང་འཚོ་གོས་སོགས་ཀྱི་དཀའ་ངལ་ཤིན་ཏུ་ཆེ་བའི་གནས་སྐབས་སུ་ཡང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་བོད་མི་རྣམས་རིམ་བཞིན་སོ་སོའི་རྐང་པའི་ཐོག་ལངས་ཐུབ་ཆེད་མང་གཙོའི་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཙུགས་གནང་མཛད་པ་ནི། ཡུལ་དུས་གནས་སྐབས་ག་ནས་བལྟས་ཀྱང་མཛད་རྗེས་བླ་ན་མེད་པ་ཞིག་བསྐྱངས་གནང་མཛད་ཡོད།

བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ལོ་ ༢༥༠༠ ལྷག་གི་གོང་སྤྱི་ཚོགས་ནང་འདྲ་མཉམ་དང་། དགེ་འདུན་གྱི་འདུས་ཚོགས་ནང་མང་མོས་གྲོས་བསྡུར་གྱི་ལམ་ནས་གནད་དོན་ཐག་གཅོད་གནང་སྟངས་སོགས་དེང་སང་ང་ཚོས་མང་གཙོར་འབོད་པའི་ལྟ་གྲུབ་རྣམས་སྐབས་དེ་དུས་ནས་བྱ་བ་ལག་ལེན་གྱི་ཐོག་དངོས་སུ་ངོ་སྤྲོད་གནང་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་སྐུ་ན་ཤིན་ཏུ་ཕྲ་བ་དགུང་ལོ་བཅུ་བདུན་གྱི་སྐབས་ལེགས་བཅོས་ལས་ཁུངས་གསར་འཛུགས་ཀྱིས་ཉམ་ཐག་དང་ཞིང་པ་སྐྱོ་བོ་ཚོར་ཁྲལ་ཆག་ཡང་དང་། ས་ཞིང་བཅོས་བསྒྱུར་ཡོང་ཐབས་སོགས་ཀྱི་ལེགས་བཅོས་གནང་ཡང་། ཕྱི་ནང་འགལ་རྐྱེན་སྣ་ཚོགས་དབང་གིས་ཇི་བཞིན་ཕྱག་ལེན་དུ་འཁེལ་བ་བྱུང་མེད།

དེ་རྗེས་བཙན་བྱོལ་དུ་ཕེབས་རྗེས་མང་གཙོའི་ལམ་ལུགས་ཐོག་དངོས་སུ་ཕེབས་ཐུབ་པ་བྱུང་བ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་དུས་ནས་དུས་སུ་སྒྱུར་བཅོས་ཀྱིས་མང་གཙོའི་ཆ་ལག་ཡོངས་སུ་རྫོགས་པ་ཡར་རྒྱས་གོང་འཕེལ་བྱུང་ཡོད། དེ་ཡང་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གཏན་འབེབས། ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུ་བཅས་ཀྱི་སྒྱུར་བཅོས་རིམ་པ་གནང་བ་དང་། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་།
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཀའ་བློན་ཁྲི་པའི་ལས་ཁུར་དམ་འབུལ་སྐབས་༸རྒྱལ་དབང་སྐུ་ཕྲེང་བདུན་པས་ཕྱི་ལོ་ ༡༧༥༡ ལོར་བཀའ་ཤག་བསྐྱར་འཛུགས་སྐབས་སྩལ་བའི་བཀའ་ཤག་གི་ཁྲིམས་མཐུན་མཚོན་རྟགས་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་བ་དེས་བོད་མིའི་འགོ་འཁྲིད་ཀྱི་ཁྲིམས་མཐུན་དང་ལོ་རྒྱུས་རང་བཞིན་རྒྱུན་མ་ཆད་པར་གནས་པ་མཚོན་གྱི་ཡོད།

དེ་ལྟར་བཙན་བྱོལ་ནང་ང་ཚོས་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་ཐུབ་པ་ནི། གཙོ་བོ་རྒྱ་གར་ནང་རང་དབང་དང་འདྲ་མཉམ་གྱི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བཟང་པོ་ཡོད་པའི་དབང་གིས་བྱུང་བ་ཡིན་པ་སྨོས་ཅི་དགོས། རྒྱ་གར་ནི་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པར་མ་ཟད། གཞུང་དང་གཞི་རིམ་མང་ཚོགས་གཉིས་ཀའི་ནང་མང་གཙོའི་ལེགས་བྱང་གཏིང་ཚུགས་པའི་རྒྱལ་ཁབ་ཅིག་ཆགས་ཡོད། ཕྱི་ལོ་ ༡༩༥༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་ནང་འཐུས་མི་ཚོས་འཛེམས་ཟོན་མེད་པར་བགྲོ་གླེང་གནང་བ་སོགས་གཟིགས་སྐབས་དམིགས་བསལ་ཐུགས་སྣང་དང་ཐུགས་ཡིད་འཕྲོག་པ་བྱུང་ཡོད།

དེ་བཞིན་རྒྱ་གར་ནང་ཆོས་ལུགས་དང་། སྐད་ཡིག གོམས་གཤིས་སོགས་འདྲ་མིན་སྣ་ཚོགས་ཡོད་ནའང་ཐམས་ཅད་དབྱེ་བ་མེད་པར་མང་གཙོའི་ལམ་ལུགས་ནང་གཅིག་སྒྲིལ་ཐོག་གནས་ཐུབ་པ་ནི་ཀུན་ལ་མིག་དཔེ་འོས་པ་ཞིག་ཏུ་གྱུར་ཡོད། རྒྱ་གར་གྱི་མང་གཙོའི་སྤྱི་ཚོགས་དང་ལམ་ལུགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རྒྱས་ཡོང་བར་ལེགས་ཆ་ཆེན་པོ་ཐོབ་ཡོད། དེར་བརྟེན་རྒྱ་གར་གཞུང་དང་མི་མང་ཇི་ཙམ་བཀའ་དྲིན་ཆེན་པོ་ཡིན་པ་བརྗོད་མ་དགོས་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པའི་དབང་གིས། བཀའ་ཤག་སྐབས་བཅུ་བཞི་པར་ལོ་རྒྱུས་རང་བཞིན་ལྡན་པའི་རླབས་ཆེའི་འགྱུར་བ་འདི་ལམ་ལྷོངས་ཡོང་བ་བྱེད་རྒྱུའི་ལས་འགན་བབས་པར་བརྟེན། ང་ཚོའི་ཕྱོགས་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་ནི། ཐོག་མར་ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དང་། དངོས་གཞིའི་ལས་འགུལ་སྤེལ་རྒྱུ། མཐར་འབྲེལ་མོལ་ཐོག་འབབ་རྒྱུ་བཅས་ཀྱི་ལས་དོན་གོ་རིམ་ངེས་ཅན་ཞུས་ཡོད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་རླབས་ཆེའི་དགོངས་བཞེས་དང་། ལོ་རྒྱུས་རང་བཞིན་ལྡན་པའི་འགྱུར་བ་དེར་ཡི་རངས་བསྔགས་བརྗོད་ཀྱིས་རྒྱབ་སྐྱོར་ཞུས་ཡོད། བོད་དོན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་འབྲེལ་མཐུད་ཁང་གིས་བཙན་བྱོལ་བའི་སྤྱི་ཚོགས་ཤིག་གིས་ལོ་བཅུ་ཕྲག་མང་པོའི་རིང་ཚགས་ཚུད་པོའི་སྒོ་ནས་འདི་ལྟར་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་ཐུབ་པ་ནི་བསྔགས་བརྗོད་འོས་པ་རེད་ཅེས་དང་། ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་ཨང་ ༣༥༦ ནང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་རང་དབང་དང་། དྲང་བདེན། ཕྱོགས་ལྷུང་མེད་པ་རྒྱལ་སྤྱིའི་གནས་ཚད་དང་མཐུན་པ་བྱུང་འདུག་ཅེས་དང་། དེ་མཚུངས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ ཉིན་བཞག་པའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་འཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་ལ་བསྔགས་བརྗོད་ཞུས་ཡོད། ཁྱད་པར་དོན་གྱི་བདག་པོ་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོས་བསངས་གསོལ་བཏང་བ་དང་གླུ་གཞས་གསར་རྩོམ་བྱས་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་མོས་མཐུན་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད།

ཚང་མས་མཁྱེན་གསལ་ལྟར་ད་ལྟའི་ཆར་བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་ཡོད་མུས་ཡིན་པ་དང་། བློ་ཕམ་པར་ད་བར་ཤེས་རྟོགས་བྱུང་བར་བོད་མི་ ༡༢༠ ཐམ་པས་རང་ལུས་མེར་སྲེག་གནང་བ་དང་། ལོ་འདི་གཅིག་པོའི་ནང་ ༢༢ བྱུང་ཡོད། དེའི་ནང་ནས་བསྡོམས་བོད་མི་ ༡༠༣ འདས་གྲོངས་སུ་གྱུར་ཡོད། ཛ་དྲག་གི་གནས་སྟངས་འདི་དག་མཚམས་འཇོག་བྱེད་རྒྱུའི་ཐབས་ལམ་ནི། རྒྱ་གཞུང་གིས་བོད་མིའི་མངོན་འདོད་ལ་བརྩི་བཀུར་ཞུ་རྒྱུ་དེ་ཉིད་ཡིན། དེ་ཡང་བོད་མིར་རང་དབང་སྤྲོད་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་བཅས་ཡིན།
གྲོས་མོལ་བརྒྱུད་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན་པ་ཡིད་ཆེས་བརྟན་པོའི་སྒོ་ནས་ཞུ་རྒྱུ་ཡིན། སྲིད་བྱུས་འདི་མཐའ་གཉིས་ཀྱི་དབུས་ཏེ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ཁག་མཚམས་འཇོག་དགོས་རྒྱུ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་ཁ་བྲལ་རྩོད་ཀྱི་མེད་སྟབས། དེ་ནི་ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་ཡིན།

རྒྱ་ནག་གི་འགོ་འཁྲིད་ཚོས་སྲིད་བྱུས་འདིའི་དགེ་མཚན་ཤེས་པའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་བའི་རེ་བ་ཡོད། བོད་དོན་འགྲིག་ཆགས་ཡོང་ཐབས་བྱེད་རྒྱུ་རྒྱ་ནག་གི་ཁེ་ཕན་ལའང་ཐུག་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་རྒྱ་ནག་གི་མཚན་མཐོང་བསྐྲུན་རྒྱུར་ཡང་ཕན་ཐོགས་ཡོད། འདིའི་ཐད་ཉིན་ཤས་རྗེས་རྡ་རམ་ས་ལར་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་ཚོགས་ཀྱི་ཡོད།

དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་དྲན་སྐུལ་ཞུ་རྒྱུ་ཞིག་ལ། མང་གཙོའི་སྤྱི་ཚོགས་ནང་ཚང་མས་ཐོབ་ཐང་དང་ཁེ་ཕན་ལོངས་སུ་སྤྱོད་བཞིན་པ་ལྟར་ལས་འགན་ཡང་མཉམ་འཁུར་དགོས་རྒྱུ་ནམ་ཡང་བརྗེད་མ་རུང་བ་ཡིན། ལས་འགན་མཉམ་འཁུར་ཞུ་རྒྱུ་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ཡིན་པ་ཙམ་དུ་མ་ཟད། ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཞིག་ཀྱང་ཆགས་ཡོད། དེ་མཚུངས་མང་གཙོ་དང་རང་དབང་གི་སྤྱི་ཚོགས་ནི་ཁྲིམས་ཀྱི་དབང་སྒྱུར་ལ་བརྟེན་པ་ཞིག་ཡིན་སྟབས། རྒྱུན་ལྡན་འཚོ་བའི་ནང་ཁྲིམས་སྒྲིག་ལ་བརྩི་འཇོག་དང་སློབ་སྦྱོང་གིས་གོམས་འདྲིས་བསྟེན་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན།

དེང་སྐབས་ང་ཚོའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་ནང་སྤྱི་རྒྱུ་སྒེར་ཟོས་དང་། ལོག་འཚོ། བུད་མེད་ལ་བརྙས་བཅོས་ལྟ་བུའི་གནས་ཚུལ་ཉུང་ཤས་ལྷག་བཞིན་པ་ནི་བོད་མིིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་ཀ་ཉམས་ཆག་འགྲོ་བའི་རྟགས་མཚན་ཡིན་སྟབས། ཚང་མས་འདིའི་ཐད་ཐུགས་སྣང་ཟབ་བཞེས་དང་། འགན་འཁུར་མཉམ་ལེན་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་ལམ་ལུགས་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བ་དང་། གཞིས་བཞུགས་བོད་མིའི་མངོན་འདོད་སྒྲུབ་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན། དེ་མཚུངས་ད་བར་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་གྲོས་ཚོགས། ཚོགས་སྒེར་ཁག་བཅས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་བཀའ་ཤག་གིས། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ ལ།། །།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།