ངོས་ལ་དུས་རྟག་ཏུ་རྨི་ལམ་གཅིག་ཡོད་ཅེས་བཀའ་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ཟླ་༨ཚེས་༣༡ཉིན་སྤེལ། ཕྱི་ལོ་༢༠༡༣ཟླ་༨ཚེས་༢༨ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདི་ཞི་བདེ་ལྡན་པའི་སྤྱི་ཚོགས་ཀྱི་དུས་རབས་ཤིག་ཡོང་བར་མགོན་པོ་གང་ཉིད་ལ་དུས་རྟག་ཏུ་རྨི་ལམ་གཅིག་ཡོད་ལུགས་བཀའ་ཕེབས་གནང་འདུག

དེ་ཡང་སྙན་གྲགས་ཆེ་བའི་ཨ་རིའི་རང་དབང་འཐབ་རྩོད་པ་སྐུ་ཞབས་མར་ཏིན་ལུ་ཐར་ཀིང་Martin Luther King Jr.མཆོག་གིས། ང་ལ་རྨི་ལམ་ཞིག་ཡོད། (I Have a Dream)ཅེས་པའི་སྙན་གྲགས་ཆེ་བའི་གཏམ་བཤད་དེ་སྤེལ་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གནང་མཛད་པ་དང་འབྲེལ་དུས་རབས་༢༡པའི་ནང་འཛམ་གླིང་འདི་ཉིད་ཞི་བདེ་ལྡན་པའི་ཁྱིམ་ཚང་ངོ་མ་ཞིག་བསྐྲུན་རྒྱུར་༼ངོས་ལ་རྟག་ཏུ་རྨི་ལམ་གཅིག་ཡོད།༽ ཅེས་བརྙན་འཕྲིན་དུམ་བུ་ཞིག་གི་ནང་དུ་བཀའ་ཕེབས་འདུག

ཞི་བདེ་ལྡན་པའི་འཛམ་གླིང་གི་ཁྱིམ་ཚང་ཞིག་དུས་རབས་འདིར་ཡོང་བར་ང་ཚོ་ཚང་མར་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་ཐུབ་པ་དགོས་རྒྱུ་དང༌། དེ་ཡང་ཤེས་ཡོན་དང་དངོས་ཡོད་གནས་སྟངས་སོགས་ཀྱི་ཐོག་ནས་ཡོང་ཐུབ་རྒྱུ་ཡིན། ཞེས་དང༌། དེ་ལྟར་བྱུང་ན་འཚེ་བ་དང་དམག་འཁྲུག་ཡོང་རྒྱུའི་གཞི་རྩ་མེད་པར་བརྟེན་ཞི་བདེ་ལྡན་དང་འཚེ་བ་མེད་པའི་དུས་རབས་ཤིག་ཆགས་རྒྱུ་རེད། ཅེས་བཀའ་སློབ་སྩལ་འདུག

དེ་ཡང་ཕྱི་ལོ་༡༩༦༨་ཕྱི་ཟླ་༨ཕྱི་ཚེས་༢༨ཉིན་ཨ་རིའི་ཡུལ་མི་མི་རིགས་ནག་པོའི་འཐབ་རྩོད་སྐབས་སྐུ་ཞབས་མར་ཏིན་ལུ་ཐར་ཀིང་མཆོག་གིས། ༼ང་ལ་རྨི་ལམ་ཞིག་ཡོད།༽ ཅེས་པའི་བསྒྲགས་གཏམ་དེ་སྤེལ་རྗེས་མི་རིགས་ནག་པོ་ས་ཡ་མང་པོར་སྙིང་སྟོབས་འཕེལ་རྒྱུར་ཕན་ནུས་ཆེན་པོ་ཐོན་ཡོད་པ་མ་ཟད། ཨ་རིའི་ནང་མི་རིགས་དཀར་ནག་དབར་ཐོབ་ཐང་འདྲ་མཉམ་ཡོང་རྒྱུར་ཡང་ནུས་པ་གང་འཚམས་ཐོན་ཐུབ་ཡོད་པ་རེད།

བརྙན་འཕྲིན་དེའི་ནང་༧གོང་ས་མཆོག་ནས་བཞུགས་སྒར་དུ་ཡོད་པའི་སྐུའི་ཕོ་བྲང་ནས་བཀའ་གནང་སྟེ་མགོན་པོ་གང་ཉིད་ཀྱི་དྲ་རྒྱའི་ཐོག་འདོན་འགྲེམས་གནང་འདུག


གསར་འགོད་པ་སྐལ་བཟང་སྒྲོལ་མ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།