རྒྱ་གར་ལྷོ་ཕྱོཌ་སུ་བོད་དོན་ཞུ་གཏུག་མུ་མཐུད་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཟླ་འདིའི་ཕྱི་ཚེས་ ༢༤ ནས་བཟུང་། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བོད་དོན་ཞུ་གཏུག་ཚོགས་ཆུང་གི་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་། འཇིགས་མེད་འབྱུང་གནས། བློ་བཟང་ཡེ་ཤེས། ཚེ་རིང་གཡུ་སྒྲོན་བཅས་མངའ་སྡེ་གྷོ་ཝ་དང་བྷང་བྷེ་སོགས་སུ་མངའ་སྡེ་བློན་ཆེན་དང་གྲོས་ཚོགས་འཐུས་མི། ཆབ་སྲིད་ཚོགས་པའི་མི་སྣ་སོགས་ལ་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག

ཕྱི་ཚེས་ ༢༧ ཉིན། བོད་དོན་ཞུ་གཏུག་ཚོགས་ཆུང་རྒྱ་གར་གྱི་དཔལ་འབྱོར་རིགས་པའི་མཁས་དབང་གི་གཟེངས་རྟགས་བཞེས་མཁན་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི། དབྱིན་ཇི་དང་རྒྱ་གར། འབྲུག་བཅས་ཀྱི་དཔལ་འབྱོར་སློབ་སྟོན་པ། རྒྱ་གར་གྱི་སྙན་གྲགས་ཅན་གྱི་གཟེངས་རྟགས་པདྨ་བྷུ་ཤོན་(padma bhushan) བཞེས་མཁན་སྐུ་ཞབས་ལོཊ་མེག་ཎ་ཊི་ངྷེ་སཱི(lord meghnad desai)ལགས་སུ་མཇལ་འཕྲད་གནང་སྟེ། བོད་དོན་སྤྱི་དང་བྱེ་བྲག་རང་ལུས་མེར་སྲེག་སྐོར་གྱི་གནས་ཚུལ་ཞུས་ཡོད་འདུག

རྒྱ་གར་གྱི་སྙན་གྲགས་ཅན་གྱི་གཟེངས་རྟགས་པདྨ་བྷུ་ཤོན་(padma bhushan) བཞེས་མཁན་སྐུ་ཞབས་ལོཊ་མེག་ཎ་ཊི་ངྷེ་སཱི་ཆོག་གིས་"རྒྱལ་ཁབ་གྱི་ཆག་འཇིག་ཟེར་བ་དེ་ཡོང་ངེས་ཅན་ཞིག་ཡིན་པ་རེད། ཡིན་ཡང་། བོད་ཀྱི་དཀའ་ཉོག་སེལ་བའི་ཉིན་ཞིག་ཡོང་རྒྱུ་ཡོད་པ་རེད། གཙོ་བོ་དབུས་བྱང་གི་ཨ་རི་སོགས་དེ་སྔོན་དེ་ཙམ་འབྲེལ་བ་མེད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་དགོས་ཚུལ་དང་། ལྷག་པར་ཡུ་རོབ་ཕྱོགས་ལ་འབྲེལ་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ། ཡུ་རོབ་ཕྱོགས་ཀྱི་རྒྱབ་སྐྱོར་དེ་ཡིན་དུས་ཁ་ཡོད་ལག་ཡོད་དང་མངོན་གསལ་དོད་པོ་ཡོད་པའི་སྐོར་"སོགས་གསུང་བཤད་གནང་ཡོད་འདུག

དེ་མིན་གཞན། ཁོང་གིས་"རྒྱ་ནག་གི་དཔལ་འབྱོར་ལ་ཕུགས་རྒྱང་རིང་པོ་ཞིག་མེད་པ་དང་། རྒྱ་ནག་གིས་དཔལ་འབྱོར་ཕྱི་ཕྱོགས་སུ་གཏོང་གང་ཐུབ་བྱས་ནས། རྒྱལ་ནང་གི་དཔལ་འབྱོར་དཀའ་ངལ་ཐག་བཅོད་ཐུབ་ཀྱི་མེད་པའི་རྐྱེན་གྱིས་བཟོ་རིགས་མི་སྣ་གཙོ་བོར་གྱུར་བའི་མང་ཚོགས་ཀྱི་དཔལ་འབྱོར་ཐོབ་ཐང་དང་ཡོང་སྒོའི་ཐོབ་བྱ་ལྟར་མ་རག་པའི་དཀའ་ངལ་དང་སེམས་ཚོར་ཆེན་པོ་སྐྱེས་པར་གདོང་ལེན་མི་བྱེད་ཐབས་མེད་ཆགས་པ་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་ཡིན་སྐོར་དང་། རྒྱ་ནག་གི་དཔལ་འབྱོར་ཐོག་འཇོན་ནུས་ཡོད་མཁན་གྱི་མི་རབས་དེ་རྫོགས་ལ་ཉེ་བ་དང་། མ་འོངས་པར་རྒྱུན་འཛིན་བྱེད་མཁན་གྱི་མི་རབས་ཁག་པོ་ཆགས་ཀྱི་ཡོད་འདུག

དེར་བརྟེན་རྒྱ་ནག་ནི་ཤེལ་གྱི་དཀར་ཡོལ་ལྟར་འཁྲེགས་པོ་དང་བལྟས་ཚོད་ལ་སྙིང་རྗེ་བོ་ཡོད་ཀྱང་།  ཆག་ཀྲུམ་ཤོར་རྒྱུ་ལས་སླ་བོ་ཡིན་པ་དང་། ཆག་ཚར་རྗེས་ཕྱིར་བཟོ་སྐྲུན་བྱེད་ཐབས་མེད་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཁག་གི་ནང་ཁུལ་མི་མཐུན་པའི་དབང་གིས་ཁག་གཉིས་སུ་གྱེས་ཡོད་པ་དེ་ནི། དཀར་ཡོལ་ལ་སེར་ཁ་ཆེན་པོ་ཞིག་གས་བ་ལྟ་བུ་ཡིན་པ་དང་། མི་མང་གིས་དཔོན་རིགས་ཁག་ལ་རྒྱབ་སྐྱོར་མེད་སྟབས། མྱུར་དུ་གས་ཆག་འགྲོ་བའི་རྟགས་མཚན་མང་པོ་ཡོང་གི་ཡོད་སྐོར་"སོགས་གསུངས་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་ནས་བཟུང་། བོད་དོན་ཞུ་གཏུག་ཆོགས་ཆུང་སྤྱི་འཐུས་རྣམ་པ་མ་ཧ་ར་ཤི་ཊར་མངའ་སྡེ་ནང་གི་མངའ་སྡེ་བློན་ཆེན་གཙོས་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད་པ་དང་། དེ་བཞིན་གྷོ་ཇི་རཱ་ཐུ་དང་ར་ཇི་སི་ཐན་བཅས་མངའ་སྡེ་ཁག་གི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འཆར་ཡོད་འདུག་པ་སོགས་ཀྱི་གནས་ཚུལ་གསར་ལམ་ཁག་ཏུ་ཐོན་འདུག

གསར་འགོད་པ། ཆོས་ཉིད།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།