རྡ་སར་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ཟླ་༨ཚེས་༨་ཉིན་སྤེལ། དེ་རིང་སྔ་དྲོར་ཆུ་ཚོད་༩:༣༠ཐོག་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲིད་སྐྱོང་མཆོག་གིས་བཀའ་ཤག་གསར་པའི་ཐུགས་འགན་བཞེས་ཏེ་ལོ་གཉིས་ཧྲིལ་བོ་འཁོར་བའི་ཉིན་མོ་དང་བསྟུན། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང༌།

དེ་ཡང་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཀིརྟི་རིན་པོ་ཆེ་མཆོག་དང་། རྣམ་རྒྱལ་གྲྭ་ཚང་གྱི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ཀེའུ་ཚང་རིན་པོ་ཆེ་མཆོག བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ལྡན་པའི་ལས་ཁུངས་ཀྱི་ཁག་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་གཉིས་བརྒལ་བ་འདུ་འཛོམསགནང་སོང་།

སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་དོན། དེ་རིང་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཉིས་འཁོར་ཡོད་པ་དང་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་ནས་འགྲོ་བཞིན་པ་དང་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་ཇུས་ལ་བརྟེན་ནས་རང་ལུས་མེར་སྲེག་གཏོང་མཁན་དང་དེ་བཞིན་ངོ་རྒོལ་བྱེད་མཁན་མང་པོ་ཆགས་ཡོང་གི་ཡོད་རེད།

རང་ལུས་མེར་སྲེག་གཏོང་མཁན་གྱི་ཚད་༡༢༠དང་ཁོང་རྣམས་ཀྱི་ནང་མི་དང་སྤུན་མཆེད་མཉམ་དུ་ད་བར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་གློད་གཏོང་མཁན་ཚང་མའི་ཆེད་དུ་དབུས་བོད་མིའི་སྒྲིག་འཛུགས་ཐོག་ནས་མཆོད་འབུལ་རྒྱས་པ་ཞིག་གོ་སྒྲིག་ཞུས་པ་ཡིན།

བོད་ནང་རང་ལུས་མེར་སྲེག་གཏོང་གོ་དོན་ནི་བཀའ་ཤག་ནས་ཁ་གསལ་པོ་བྱས་ནས་ཞུས་ཡོད། གཙོ་བོ་བོད་དེ་འཛིན་བཟུང་བྱས་པ་དང་དེ་བཞིན་ཆབ་སྲིད་ཀྱི་དམ་དྲག ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། དཔལ་འབྱོར་དབྱེ་འབྱེད། དེ་བཞིན་ཆོས་དད་རང་དབང་མེད་པའི་རྐྱེན་གྱིས་བོད་ནང་ཡོད་པའི་བོད་མི་ཚོར་རད་ཉིད་ཀྱི་རྩ་ཆེན་ལུས་སྲོག་དེ་བོད་བསྟན་པ་ཆབ་སྲིད་དོན་དུ་གློད་གཏོང་གནང་གི་ཡོད། དེ་ཡིན་དུས་བཀའ་ཤག་ཐོག་ནས་ང་ཚོའི་ལངས་ཕྱོགས་དེ་གསལ་པོ་བཟོས་ཡོད་གང་ཡིན་ཟེར་ན་བོད་མི་ཞིག་ཡིན་པས་ཚབས་ཆེ་བའི་ལས་འགུལ་མ་སྤེལ་བའི་རེ་སྐུལ་དུས་རྟག་ཏུ་ཞུས་ཀྱི་ཡོད། ད་རིང་བསྐྱར་དུ་གནན་གཏན་ཐོག་འབོད་སྐུལ་ཞུས་སོང་། ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་འབུལ་སྨོན་ལམ་ཞུ་རྒྱུ་དང་དེ་བཞིན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། དེ་བཞིན་བོད་མི་རང་དབང་བསྐྱར་འགྲོ་བྱ་རྒྱུ་དེ་རྩ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་པའི་ཐོག་ནས་མུ་མཐུད་ནས་འབད་བརྩོན་ཞུ་རྒྱུ་ཡིན། དེའི་ནང་ནས་རང་ལུས་མེར་སྲེག་བཏང་མཁན་གཙོས་བོད་ནང་དུ་ལས་འགུལ་སྤེལ་དགོས་པ་ནི་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པ་དང་། མཐུན་འབྲེལ་བྱ་དགོས་པ་སོགས་གལ་ཆེན་པོ་རྩིས་པའི་ཐོག་ནས་ནང་ཁུལ་འཁྲུག་འཛིང་བྱ་རྒྱུ་དང་། མི་གསོད་ཁྲག་སྦྱོང་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཀྱི་འདུག་ཟེར་ནས་ལས་འགུལ་རིམ་པ་སྤེལ་བཞིན་པ་དང་དེ་ལ་ངོས་ལེན་བྱེད་པའི་ཐོག་ནས་བསྔགས་བརྗོད་དང་སྦྲགས་མུ་མཐུད་ནས་བོད་མི་ནང་ཁུལ་མཐུན་འབྲེལ་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་རེ་འདུན་ཞུས་སོང་།

དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་བོད་དོན་ཐོག་རྒྱབ་སྐྱོར་ཡོང་དགོས་དོན་གཙོ་བོ་དེ་༧གོང་ས་མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བཞག་པ་ཞིག་དང་། དེའི་ནང་ནས་བོད་མི་ཟེར་བ་དེ་ཡ་རབས་དང་བཟང་སྤྱོད་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ཡིན་དུས་བོད་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མི་ཚོར་དུས་རྟག་ཏུ་འཛམ་གླིང་སྤྱི་ཡོངས་ནས་བོད་མི་ལ་གཟིགས་སྟངས་དེ་བོད་མི་ཚོ་བཟང་པོ་ཡོད་པ་དང་ཡ་རབས་ཡོད་པ་རྣམས་ངོས་འཛིན་བྱེད་ཀྱི་ཡོད་པ་ཐུགས་ལ་བཞག་པའི་ཐོག་ནས་དུས་རྟག་ཏུ་ཕྱག་ལས་གནང་དུས་གང་ཟབ་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་སོང་།

དེའི་མཉམ་དུ་ཆང་རག་དང་ཤོ་རྒྱག་རྒྱན་འཛུགས་བྱས་པ་སོགས་ཚབས་ཆེ་བའི་ལས་གཞི་མ་གནང་རོགས་ཞེས་འབོད་སྐུལ་གནང་སོང་།

དེ་ནས་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཉིས་འཁོར་བའི་ནང་ལ་བྱས་རྗེས་ཆེན་པོ་བཞག་པ་བྱུང་མེད་ཀྱང་གཙོ་བོ་ཆེ་ཤོས་༧གོང་ས་མཆོག་ཐུགས་རྗེ་བཀའ་དྲིན་དང་བོད་མི་མང་གི་ཕྱར་གྲུ་མཉམ་འདེགས་གནང་བའི་ཐོག་ནས་ལོ་གཉིས་དེ་ལྷིང་འཇགས་པོའི་ཐོག་ནས་གནས་སོང་། བཀའ་ཤག་ཐོག་ནས་ཡིན་ནའང་འཆར་གཞི་བཞིན་ཐོག་མར་ནུས་ཤུགས་ཕྱོགས་སྒྲིག་བྱ་རྒྱུའི་ལས་གཞི་སྤེལ་དགོས་པ་དང་དེའི་ཐོག་ལས་འགུལ་སྤེལ་དགོས་དེ་བཞིན་གཙོ་བོ་འབབ་ས་དེ་འབྲེལ་མོལ་ཡིན་པས་དེའི་ཐོག་ལ་འབད་བརྩོན་བྱེད་དགོས་འདུག འཆར་གཞི་བཞིན་ནུས་ཤུགས་ཕྱོགས་སྒྲིག་གཞི་བཞག་པའི་ཐོག་ནས་ལས་འགུལ་ཚང་མ་གང་ལེགས་བྱུང་ཡོད་ཚུལ་སྐོར་གསུངས་སོང་། དེ་བཞིན་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་གོ་ལ་ཡོངས་ནས་རྒྱ་ནག་ལ་འབྲེལ་མོལ་ཐོག་བོད་ཀྱི་དཀའ་རྙོག་གསལ་ཐབས་བྱ་དགོས་པའི་རེ་སྨོན་གནང་ཡོད་པའི་སྐོར་ལ་གསུངས་སོང་།

བཀའ་ཤག་སྐབས་༡༤པའི་ཐོག་ནས་འབྲེལ་མོལ་ཚོགས་ཆུང་ཐེངས་གསུམ་ཚོགས་ཚར་བ་དང་ཐེངས་བཞི་པ་དེ་ཟླ་༩པའི་ཟླ་སྔོན་ནང་འཚོགས་རྒྱུ་ཡིན། སྤྱི་ཡོངས་ཐོག་ནས་འབྲེལ་མོལ་གྱི་ཚོགས་ཆུང་དེ་ཐེངས་༢༦ཆགས་ཀྱི་ཡོད།

དེ་དུས་འཐུས་མི་གསར་པ་དང་བོད་པའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ། རྒྱ་ནག་ཐོག་ནས་དུས་རྟག་ཏུ་ཐུགས་སྣང་གནང་མཁན་འཐུས་མི་གསར་པ་ཡིན་ནའང་གདན་འདྲེན་ཞུས་ཡོད་

དེ་སོང་ཙང་བཀའ་ཤག་ཐེངས་༡༤པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་དེ་ལངས་ཕྱོགས་གཏན་པོ་ཟུང་བའི་ཐོག་སྔར་ལས་ལྷག་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

འདིར་འཛོམས་དོན་གཅིག་ནི་༧གོང་ས་མཆོག་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལ་དྭགས་སུ་སྐུ་མཚམས་བཞུགས་ཡོད་པ་དང་དེ་བཞིན་ཆོས་རིག་ལས་ཁུངས་ཐོག་ནས་དགོན་སྡེ་ཁག་དང་གཞིས་ཆགས་ཁག་སོགས་སྤྱི་ཡོངས་ལ་གསལ་བསྒྲགས་བསྐྱངས་བའི་ནང་ལ་༧གོང་ས་མཆོག་གིས་བོད་བསྟན་པ་ཆབ་སྲིད་ཆེད་དུ་མ་ཎི་ཕྲེང་སྐོར་གཉིས་རེ་གསོག་སྒྲུབ་བྱ་རྒྱུ་དང་དེ་བཞིན་ཤེས་རབ་སྙིང་པོ་ཐེངས་གཉིས། འཕགས་བསྟོད་ཐེངས་གཅིག་གསོག་སྒྲུབ་བྱ་དགོས་པས་བཀའ་ཤག་ཐོག་ནས་འབོད་སྐུལ་གནན་པོའི་ཐོག་ཞུས་སོང་བཅས།།

གསར་འགོད་པ་སྐལ་བཟང་སྒྲོལ་མས།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།