དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གཞོན་ལྷན་ལ་གསལ་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 

ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༢ ཉིན། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ པའི་ཉིན་ལྔ་པར་ཆེད་དུ་གདན་ཞུས་ལྟར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བཀའ་ཟུར་མཁས་དབང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བླང་དོར་བཀའ་སློབ་གནང་བ་ཆ་ཚང་འདི་ག་གསར་ཁང་ནས་སྒྲ་ཕབ་ཞུས་ཡོད་པར་གཟིགས་རོགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་དང་། རྒྱུན་ལས་རྣམ་པ། ས་གནས་ཁག་ནས་ཕེབས་པའི་ས་གནས་ཀྱི་འགན་ལས་རྣམ་པ། དེ་བཞིན་ཚོགས་ཞུགས་པ་ཚང་མར་ང་རང་སྒེར་གྱི་ངོས་ནས་དང་དགའ་ལྡན་ཕོ་བྲོང་གི་ངོས་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟ་སྐར་མ་ཁ་ཤས་ཤིག་གི་སྔོན་ཏེ་ཆུ་ཚོད་༡༡ དང་ཕྱེད་ཀའི་ཐོག་འདིར་དགའ་ལྡན་ཕོ་བྲང་གི་ངོས་ནས་གསལ་བཤད་བྱེད་དུ་བཅར་དགོས་པའི་བཀའ་གནང་བ་སོང་ཙང་། ངའི་ཞུ་ཡག་གི་སྐད་ཆ་དེ་དག་བང་འགྲིག་པོ་དང་རྒྱབ་རྟེན་གྱི་ཡིག་ཆ་སོགས་གོ་སྒྲིག་གང་ཡང་མེད། ད་ལྟ་སེམས་ལ་གང་དྲན་པ་དེ་ཞུ་ཡི་ཡོད། རྗེས་སུ་ཡང་ངའི་སྐད་ཆའི་སྒང་ལ་བགྲོ་གླེང་ཡོང་རྒྱུ་ཡིན་པ་གཏན་ཁེལ་བ་སོང་ཙང་ངས་གང་ཞུས་པ་དེ་སྒྲ་འཛིན་འཁོར་ཐག་ཏུ་བཅུག་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད།

ཡིག་ཚང་ནས་ང་འདིར་བཏང་གནང་བའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ནི། གཞོན་ནུ་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་ལ་༧གོང་ས་མཆོག་ཚོགས་ཕེབས་དང་། ཡང་ན་མཇལ་ཁ་ཡོང་ཡག་གི་སྙན་སེང་ཞིག་ཟླ་གཅིག་གཉིས་ཀྱི་སྔོན་དུ་ཞུས་ཡོད་འདུག སྤྱིར་བཏང་སྙན་སེང་ཞུ་བའི་སྐབས་སུ་ཚོགས་ཆེན་འདི་སྤྱི་ཟླ་ ༨ པའི་ཟླ་མཇུག་ཏུ་འཚོགས་རྒྱུ་ཡིན་པ་དང་། སྙན་སེང་ཞུས་པའི་སྐབས་སུ་ཡིག་ཚང་ནས་མཇལ་ཁ་དང་ཚོགས་ཕེབས་གཉིས་ཀ་གནང་རྒྱུ་མེད་པ་བཀའ་ལེན་གནང་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཇལ་ཁ་མ་གནང་བའི་རྒྱུ་མཚན་གཞན་པ་གང་ཡང་ཡོད་པ་མ་རེད། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་བཞག་ནས་བགྲེས་ཡོལ་གནང་བའི་རྗེས་སུ་ཆབ་སྲིད་ངོ་བོ་ཅན་གྱི་ཚོགས་པ་ཁག་གི་ཚོགས་འདུར་ཚོགས་ཕེབས་དང་མཇལ་ཁ་མི་གནང་རྒྱུ་སྔོན་མ་ནས་ལམ་སྲོལ་དང་སྲིད་ཇུས་གཏན་ལ་ཁེལ་བསྡད་པ་ཞིག་རེད།

དེ་འདྲ་སོང་ཙང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་དང་། དགུ་བཅུ་གསུམ་གྱི་ཚོགས་འདུ་སྐབས་བཅས་སུ་མཇལ་ཁ་སྙན་སེང་ཞུས་ཡོད་ན་ཡང་མཇལ་ཁ་གནང་ཡོད་པ་མ་རེད། དེ་འདྲ་ཡིན་དུས་གཞོན་ནུ་ལྷན་ཚོགས་ལ་ཡང་མཇལ་ཁ་གནང་རྒྱུ་མེད་པ་དེ་དངོས་ཡོད་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་མཇལ་ཁ་དང་བཀའ་སློབ་ཞུ་ཟེར་བ་དེ་ཕན་ཚུན་ཐུགས་སྣང་དམ་ཚིག་གཙང་པོ་དང་། སེམས་ཐག་ཉེ་བོ་ཡོད་ན་ཏག་ཏག་འགྲིག་གི་ཡོད་རེད་མ་གཏོགས་བསམ་ཕྱོགས་དང་ལངས་ཕྱོགས་མ་མཐུན་པ་ཡོད་བཞིན་དུ་མཇལ་ཁ་ཞུས་ན་དེ་ནི་མཛེས་ཆོས་ཙམ་ཞིག་དང། ཕྱི་ལོག་ཏུ་ཆོ་ག་ཕྱག་ལེན་གྱི་བཟོ་འདྲ་བོ་ཞིག་མ་གཏོགས་དོན་དམ་གྱི་ཕན་ཐོགས་ཤིག་ཡོད་པ་མ་རེད།

འདིར་གསལ་བཤད་ཞུས་དགོས་རྒྱུ་ཞིག་ལ། མདང་དགོང་མཚན་མོར་ཚོགས་གཙོ་མཆོག་ནས་ཡིག་ཚང་གི་དྲུང་ཆེན་བློ་བཟང་སྦྱིན་པ་མཆོག་ལ་མཇལ་ཁ་ཐུགས་གཏན་མ་ཁེལ་བ་ཡིན་ན་ཚོགས་འདུ་དེ་འཐོར་འགྲོ་ཡི་ཡོད་པ་དང་། རྒྱུན་ལས་གསར་འདེམས་བྱེད་རྒྱུ་དང་། གྲོས་ཆོད་བཞག་ནས་ཚོགས་འདུ་མཇུག་བསྡོམས་རྒྱག་རྒྱུ་བཅས་ལ་བར་ཆད་ཡོང་ས་རེད་ཟེར་ནས་སྙན་སེང་ཞུས་ཡོད་པ་རེད་འདུག སྤྱིར་བཏང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས་དང་། མཇལ་ཁ་མ་གནང་ཡག་གི་རྒྱུ་མཚན། བར་ལམ་གྱི་བྱུང་རིམ། དེ་བཞིན་ ༧ གོང་ས་མཆོག་གིས་ཨེ་ཊི་ལེ་དང་། ལ་དྭགས། ས་ལི་གྷ། ཉེར་ཆ་ཨ་རིའི་ས་གནས་གཉིས་ཙམ་ལ་བཀའ་སློབ་གསལ་བོ་ཞེ་དྲག་གནང་ཡོད་པ་རེད། ཚང་མས་གསན་ཡོད་རྒྱུ་རེད་ལ་གཟིགས་ཀྱང་ཡོད་རྒྱུ་རེད།

ཡིན་ཡང་གནས་ཚུལ་དེ་ཚོ་ལ་བརྟེན་ནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་འདུ་མཇུག་སྐྱོང་མ་ཐུབ་པ་དང་། རྒྱུན་ལས་གསར་པ་འདེམས་མ་ཐུབ་པའི་གནས་སྟངས་ཤིག་ཡོང་དགོས་ཡག་རྩ་བ་ནས་ཡོད་མ་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་། དགའ་ལྡན་ཕོ་བྲོང་གི་ཡིག་ཚང་གི་དགོངས་པ་བཞེས་ཕྱོགས་དེ་ཚོགས་མི་ཚང་མས་གསལ་བོར་ཤེས་རྒྱུ་གལ་ཆེ་པོ་རེད་དྲན་གྱི་ཡོད། ༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོ་བཙན་བྱོལ་བོད་མི་སྤྱི་ཚོགས་འདི་ཡང་དག་པའི་མང་གཙོ་ལམ་སྲོལ་ཞིག་གི་སྒང་ལ་འགྲོ་དང་འགྲོ་བཞིན་པ་རེད། ཡང་དག་པའི་མང་གཙོའི་ལམ་སྲོལ་གྱི་ནང་ལ་ཆབ་སྲིད་ཀྱི་ལྟ་གྲུབ་དང་དམིགས་ཡུལ་འདྲ་མིན་འཛིན་རྒྱུ་ནི་གཞི་རིམ་གྱི་ཐོབ་ཐང་དང་ལས་འགན་གཉིས་ཆ་རེད།

བྱས་ཙང་ཆབ་སྲིད་ཀྱི་ལྟ་གྲུབ་གཅིག་གིས་གཞན་གྱི་ལྟ་གྲུབ་ལ་འགྱུར་བ་གཏོང་རྒྱུ་ཡི་ཐོབ་ཐང་ཡོད་མ་རེད། ཡིན་ཡང་རྒྱུ་མཚན་བཤད་ནས་སོ་སོའི་ལྟ་གྲུབ་དེ་ཁྱབ་སྤེལ་བྱེད་ཡག་གི་ཐོབ་ཐང་ཡོད་རེད། དེ་འདྲ་སོང་ཙང། རྒྱུ་མཚན་ཤོད་རྒྱུ་དང་གནོན་ཤུགས་སྤྲོད་རྒྱུ་གཉིས་པོའི་བར་ཁྱད་པར་འབྱེད་རྒྱུ་དེ་གལ་ཆེ་པོ་རེད་བསམ་གྱི་འདུག ༧སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ཡང་གཞོན་ལྷན་རང་བཙན་གྱི་ལངས་ཕྱོགས་དེ་འགྱུར་བ་གཏོང་དགོས་པའི་བཀའ་གནང་མྱོང་ཡོད་མ་རེད། མ་འོངས་པ་ལ་ཡང་བཀའ་གནང་གི་མ་རེད་ལ་གནང་མཁྱེན་གྱི་ཡང་མ་རེད། ཡིན་ན་ཡང་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཚོས་རྒྱུ་མཚན་དང་གནོན་ཤུགས་གཉིས་ཆ་བེད་སྤྱོད་བཏང་ནས་དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་ཚོའི་ལྟ་གྲུབ་དེ་འགྱུར་བ་གཏོང་ཆེད་ཐབས་ཤེས་དེ་སྤྱད་པ་ཡིན་ན། དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་གྱི་ངོས་ནས་རང་རང་སོ་སོའི་རྒྱུ་མཚན་དང་གནས་ལུགས་དེ་གསལ་བཤད་མ་བྱས་ཐབས་མེད་ལྟ་བུ་ཆགས་ཀྱི་ཡོད་རེད།

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞག་ཚར་བ་ཡིན་ཙང་། དབུ་མའི་ལམ་གྱི་ནུས་པ་རྫོགས་པ་རེད། རང་བཙན་རྩོད་མཁན་དེ་དག་འཕག་ཚག་གང་ཡོད་རྒྱག་དགོས་པའི་དུས་ལ་སླེབས་པ་རེད་བསམ་པའི་རྣམ་འགྱུར་ཕྱོགས་གང་ས་ནས་ཐོིན་ཡོང་དུས་༧གོང་ས་མཆོག་ནས་བཀའ་མ་གནང་ཐབས་མེད་རེད། ཁོང་གིས་ཡང་ནས་ཡང་དུ་ནན་གཏན་བྱས་ནས་གསུངས་ཡག་ལ་ངས་དེ་གསལ་བཤད་ཡིན་མ་གཏོགས། ངའི་ལངས་ཕྱོགས་ལ་མོས་པ་བྱེད་དགོས་རེད་ཟེས་ནས་འབོད་སྐུལ་མིན་གདའ་ཞེས་ཏན་ཏན་གསུངས་གནང་ཡོད་རེད། དེ་འདྲ་ཡིན་དུས་བར་ལམ་ཞིག་ནས་༧སྐྱབས་མགོན་རིན་པོ་མཆོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ལ་དམིགས་བསལ་གྱི་དགོས་པ་རྒྱུ་མཚན་བགྲངས་ནས་གསུངས་དགོས་པ་བྱུང་བ་རེད། ༧སྐྱབས་མགོན་རིན་པོ་ཆེ་ལ་གསལ་བཤད་བྱེད་རྒྱུ་ཡི་ཐོབ་ཐང་ཡོད་རེད། ཆབ་སྲིད་ཀྱི་ཐུགས་འགན་བཞག་པ་ནས་བཟུང་ཁོང་བོད་ཀྱི་ཡུལ་མི་སྤྱི་མཚུངས་བཞིན་དཔྱ་ཁྲལ་འབུལ་རྒྱུུས་མཚོན་པའི་ཚང་མ་ཐུགས་འགན་བཞེས་གནང་གི་ཡོད་རེད།

བོད་ཀྱི་ཡུལ་མི་ཞིག་ཡིན་པའི་ཆ་ནས་བོད་པའི་རྩ་དོན་དང་ཆབ་སྲིད་ཀྱི་གནས་བབས་ཀྱི་ཐོག་ལ་ཐུགས་འགན་བཞེས་རྒྱུ་དང་རྒྱུ་མཚན་ཤོད་རྒྱུ་ཡི་ཐོབ་ཐང་ཡོད་རེད། དེ་ཙམ་དུ་མ་ཟད་ད་ལྟའི་སྐབས་སུ་༧གོང་ས་མཆོག་ནི་བོད་མི་ས་ཡ་དྲུག་གི་རང་དབང་ཅན་གྱི་མགྲིན་ཚབ་པ་ཞིག་རེད། རང་དབང་ཅན་གྱི་མགྲིན་ཚབ་པ་ཞིག་ཡིན་པ་བཙན་བྱོལ་བོད་མི་བཅའ་ཁྲིམས་ནང་དུ་ཡང་འཁོད་ཡོད་རེད། སྤྱིིེར་བཏང་སྐྱབས་མགོན་རིན་པོ་ཆེས་བཙན་བྱོལ་བོད་མི་ཆིག་འབུམ་ལྔ་ཁྲི་ཡས་མས་ཀྱི་དོན་དག་རྐྱང་པར་ཐུགས་འགན་བཞེས་ན་འགྲིག་གི་ཡོད་མ་རེད། བོད་མི་ས་ཡ་དྲུག་ཡོངས་རྫོགས་ཀྱི་ཐུགས་འགན་བཞེས་དགོས་ཀྱི་ཡོད་རེད། བོད་ནང་གི་གནས་བབས་དང་། བོད་ནང་དུ་བཞུགས་པའི་རྒྱ་ཆེ་མི་མང་གི་མ་འོངས་པའི་མདུན་ལམ་གང་འདྲ་ཞིག་ཏུ་འགྲོ་དང་མི་འགྲོ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་དེ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཐབས་སོགས་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་ཐུགས་འགན་གཏན་ཏན་ཡོད་རེད།

རྒྱུ་མཚན་དེ་ལ་བརྟེན་ནས་ཀྱང་བོད་མི་རྩ་དོན་ཆབ་སྲིད་ཀྱི་ཐོག་ལ་དངོས་ཡོད་གནས་ཚུལ་དང་བསྟུན་ནས་བཀའ་གནང་དགོས་རྒྱུ་དེ་ཁོང་གི་ཐོབ་ཐང་ཙམ་མ་ཟད་ཐུགས་འགན་ཞིག་ཀྱང་ཆགས་ཀྱི་ཡོད་རེད། བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པ་ཆེན་པོ་ཞིག་ཡིན་དུས་སྤྱི་ཚོགས་སུ་གླེང་བརྗོད་གང་འདྲ་ཞིག་བྱུང་ཡང་རྩ་དོན་དང་འབྲེལ་བའི་གནས་ཚུལ་ཁག་སླེབས་དུས་ངེས་པར་དུ་ཁོང་གིས་ཐུགས་འགན་བཞེས་དགོས་པ་དང་བཀའ་སློབ་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། ཡིན་ཡང་བཀའ་སློབ་གནང་བ་དེས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོས་རང་བཙན་གྱི་ལྟ་བ་འཛིན་ན་འགྲིག་གི་མེད་པར་གསུང་གི་ཡོད་མ་རེད་ལ། གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་འགྲོ་དགོས་ཀྱི་ཡོད་པ་ཡང་གསུང་གི་ཡོད་མ་རེད། སྤྱིར་བཏང་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གཞོན་ནུའི་སྒྲིག་འཛུགས་དང་། བོད་སྤྱིའི་ཆབ་སྲིད་ཀྱི་སྒྲོམ་གཞི་འགྱུར་བ་གཏོང་རྒྱུར་འབད་བརྩོན་དང་གནོན་ཤུགས་ཀྱི་ནུས་པ་ཇི་ཙམ་ཆེར་ཕྱིན་པ་དེ་ཙམ་གྱིས་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་ཚོས་ནུས་པ་ཆེར་མ་བཏང་ན་ད་ལྟའི་སྐབས་སུ་གཞིས་བྱེས་བོད་མི་མང་ཤོས་ཤིག་གིས་མོས་མཐུན་དང་རྒྱབ་སྐྱོར་ཡོད་པའི་ཡུལ་ཞིག་ཡིན་པ་སོང་ཙང་འགྲིག་གི་ཡོད་མ་རེད།

མདོར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་རང་བཙན་གཙང་མ་ཡིན་བཞིན་དུ་དེའི་ཆེད་དུ་འཆར་གཞི་དང་ལྡན་པའི་ཐོགས་ནས་ཐབས་ཤེས་གང་འདྲ་ཞིག་བྱས་ཀྱང་དེ་ལ་སུ་གང་གིས་སྐྱོན་བྱེད་ཀྱི་མ་རེད་བསམ་གྱི་འདུག ཡིན་ཡང་ད་ལྟ་ང་ཚོ་ཆབ་སྲིད་ཀྱི་འགྲོ་སྟངས་ནི་སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོ་འགྲོ་སྟངས་ཤིག་རེད། སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོའི་འགྲོ་སྟངས་སུ་འགྲོ་བཞིན་པ་འདིའི་ཐོག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགལ་ཟླ་ཚོགས་པའི་རྣམ་འགྱུར་འདྲ་བོ་བསྟན་ནས། གཞུང་གི་སྲིད་ཇུས་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ཡི་ཐབས་ལམ་དང་བརྒྱུད་ནས་སྐྱབས་མགོན་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཟུར་ཟ་བྱུང་བ་ཡིན་ན། ཐམས་ཅད་མཁྱེན་པ་ཡིན་ཡང་འགྲོ་བ་མིའི་ཤ་ཚུགས་སུ་གྲུབ་པ་སོང་ཙང་སྐྱབས་མགོན་རིན་པོ་ཆེ་ཡང་དེའི་ཐོག་ལ་ཐུགས་ཕམ་ཡོང་སྲིད་པ་ཞིག་རེད།

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་བརྒྱུད་སྤྲོད་གནང་བའི་སྐབས་སུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཚན་དེ་བཅོས་བསྒྱུར་གནང་བ་དང་། མཚན་བཅོས་བསྒྱུར་གནང་བ་དེ་སྐྱབས་མགོན་རིན་པོ་ཆེ་སྐུ་རྐྱང་ལ་དབང་བའི་ཐོབ་ཐང་ཞིག་རེད། གང་ཡིན་ཟེར་ན་དེ་འདྲའི་མཚན་དེ་རྒྱལ་བ་ལྔ་བས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་བཞེས་རྗེས་སུ་བཏགས་པ་ཞིག་མ་རེད། སྐུ་ཕྲེང་གཉིས་པ་དང་། གསུམ་པ། བཞི་བའི་བར་དུ་ཡོད་བསྡད་པའི་བླ་བྲང་གི་མཚན་རྙིང་པ་དེ་རེད། སྐུ་ཕྲེང་གཉིས་པའི་སྐབས་ནས་འབྲས་སྤུངས་སུ་ཡོད་པའི་རྡོ་ཁང་སྔོན་པོར་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཏགས་པ་དེ་སྐུ་ཕྲེང་ལྔ་བས་ཆབ་སྲིད་ཀྱི་མངའ་དབང་མ་བཞེས་ཀྱི་བར་དུ་བླ་བྲང་སྒེར་གྱི་བེད་སྤྱོད་གནང་བའི་མཚན་ཞིག་རེད། རྒྱལ་བ་ལྔ་བས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་བཞེས་པ་ནས་བཟུང་བོད་ཀྱི་གཞུང་ལ་བླ་བྲང་གི་མཚན་དེ་སྦྱར་ནས་དགའ་ལྡན་ཕོ་བྲང་གི་གཞུང་ཞེས་བཏགས་པ་རེད།

སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་བཞེས་ནས་མཇུག་བསྡོམས་གནང་བའི་སྐབས་སུ་སྔར་བཞིན་བླ་བྲང་སྒེར་གྱི་མཚན་དེ་བེད་སྤྱོད་གནང་བ་ཡིན་ན་མང་གཙོ་འཕེལ་རིམ་ཡོངས་སུ་མ་རྫོགས་པའི་སྐྱོན་དང་། བླ་བྲང་སྒེར་བ་ཞིག་གིས་སྲིད་དབང་འཛིན་ཡག་གི་རྗེས་ཤུལ་འདྲ་བོ་ལྷག་བསྡད་པ་ཡིན་ན་ཡག་པོ་ཡོང་གི་མེད་པ་གཟིགས་ནས་བཅོས་བསྒྱུར་གནང་བ་རེད།  ཕྱོགས་གཞན་ཞིག་ནས་བཤད་ན་སྐུ་ཕྲེང་གཉིས་པ་ནས་ཡོད་བསྡད་པའི་བླ་བྲང་གི་མཚན་དེ་སྐུ་ཕྲེང་རྗེས་མའི་རྗེས་མར་བརྟེན་དགོས་ཡག་ཅིག་ཆགས་ཀྱི་ཡོད་སྟབས། ཕྱིར་འཐེན་གནང་རྒྱུ་གལ་ཆེན་ཡིན་པ་༧སྐྱབས་མགོན་རིན་པོ་ཆེ་ནས་ཐུགས་ཐག་བཅད་དེ་བཀའ་གནང་ཡོད་རེད། གཞུང་གི་རྒྱལ་རྟགས་ཕྱིར་བསྡུས་གནང་ཡོད་མ་རེད། ལྔ་བཅུ་ང་དགུའི་རྗེས་སུ་བཟོས་གནང་བའི་གཞུང་གི་རྒྱལ་རྟགས་དེ་ད་ལྟ་ཡང་ཡོད་བཞིན་པ་རེད། རྒྱལ་རྟགས་འོག་ཏུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་འཁོད་ཡོད་པ་དེའི་ཚབ་ཏུ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པ་དེ་གསར་དུ་བཅུག་ནས་གསར་པར་བཟོས་ཡོད་རེད་མ་གཏོགས་རྒྱལ་རྟགས་ལ་འགྱུར་བ་གང་ཡང་ཕྱིན་ཡོད་མ་རེད།

དེ་འདྲའི་གནས་ཚུལ་དེ་ཚོ་ཞིབ་ཚག་པོར་བྱས་ནས་མ་མཁྱེན་པའི་ཐོག་གཞུང་དགའ་ལྡན་ཕོ་བྲང་བསྡུ་གསོག་རྒྱབ་སོང་ཟེར་ནས་སྐྱོན་བརྗོད་བྱེད་རྒྱུ་དེ་ཚོ་ཏན་ཏན་འོས་ཤིང་མ་འཚམ་པ་ཞིག་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། དེ་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་གནས་བབས་ལ་འགྱུར་བ་འགྲོ་རྒྱུ་གང་ཡང་ཡོད་མ་རེད། བླ་བྲང་སྐུ་སྒེར་གྱིས་བླ་བྲང་སྐུ་སྒེར་གྱི་མཚན་ཞིག་ཕྱིར་འཐེན་གནང་བ་དེ་བླ་བྲང་སྐུ་སྒེར་གྱི་བདག་དབང་ཡིན་སྟབས་སུ་གང་ལ་ཡང་བསྟུན་དགོས་དོན་ཡོད་མ་རེད།   གང་ལྟར་ཁྲིམས་མཐུན་དང་འོས་ཤིང་འཚམ་པ་ཞིག་རེད་མ་གཏོགས་མི་འོས་པ་ཞིག་ཆགས་ཀྱི་ཡོད་མ་རེད་བསམ་གྱི་འདུག དེ་ཚོའི་ཐོག་ལ་གཞོན་ནུ་ལྷན་ཚོགས་ཡོངས་རྫོགས་ཀྱི་དགོངས་པ་ཡིན་མིན་མི་ཤེས་ཀྱང་།

གཞོན་ལྷན་གྱི་མཛད་གཙོ་རྣམ་པས་ཚོར་སྣང་རྣོན་པོའི་ཐོག་ནས་བཀའ་མོལ་མང་པོ་གནང་ཡོད་རེད། དེ་དག་བདག་པོར་བརྒྱབ་ནས་མ་འོངས་པ་བོད་ལ་བརྕིས་སྤྲོད་གནང་གི་ཡིན་ཟེར་ནས་དེ་འདྲའི་བཀའ་གནང་ཡོད་རེད། དགའ་ལྡན་ཕོ་བྲང་གི་མིང་བདག་པོ་རྒྱག་ཡག་གི་ཐོབ་ཐང་ཡོད་ན་ཡང་ཁྲིམས་མཐུན་གྱི་ཐོག་ནས་བསྟས་པ་ཡིན་ན་ཡ་མཚན་པོ་ཆགས་ཀྱི་རེད་དྲན་གྱི་འདུག ཡིན་ཡང་བདག་པོ་རྒྱག་གི་ཡིན། ང་ཚོར་བོད་རང་བཙན་ཐོབ་སོང་ན་འབྱུང་འགྱུར་བོད་ལ་བརྩིས་སྤྲོད་བྱེད་ཀྱི་ཡིན་ཟེར་དུས། ཁ་ཐུག་༧གོང་ས་མཆོག་གི་མཚན་མ་སྨོས་ཀྱང་།  གང་ལྟར་ཁོང་ཐུགས་མ་བདེ་བ་ཡོང་རྒྱུ་རང་བཞན་གྱི་གནས་སྟངས་ཤིག་རེད་བསམ་གྱི་ཡོད། ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཚན་དེ་འགྱུར་བ་བཏང་གནང་བ་རེད་མ་གཏོགས་༧སྐྱབས་མགོན་རིན་པོ་ཆེས་འགྱུར་བ་བཏང་བ་ཞིག་མ་རེད། ཁོང་གིས་དགོངས་འཆར་གནང་བ་ཙམ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགྱུར་བ་བཏང་གནང་བ་མི་འགྲིག་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱང་བོད་མི་མང་གི་སྐུ་ཚབ་མཚོན་གྱི་མེད་པ་འདྲ་བོའི་བཀའ་ཡང་གནང་བཞག གང་ལྟར་དངོས་ཤུགས་བརྒྱུད་གསུམ་ནས་དམིགས་བསལ་ཚོགས་ཆེན་དང་གྲོས་ཚོགས། དེ་བཞིན་སྨོན་ལམ་གསུང་ཆོས་སྐབས་སུ་༧སྐྱབས་མགོན་རིན་པོ་ཆེས་དགོངས་འཆར་གནང་བ་དེར་ཐད་ཀར་ཟུར་ཟ་འདྲ་བོའི་གནས་སྟངས་མང་པོ་བྱུང་བསྡད་པ་རེད། མདོར་ན་ངས་ཞུས་པ་དེ་མ་བྱུང་བའི་གནས་སྟངས་ཤིག་ཞུས་མེད་བསམ་གྱི་ཡོད། དེ་དང་ཕྱོགས་མཚུངས་ ༢༠༡༣ ལོའི་གཞོན་ལྷན་གསུམ་བཅུ་དུས་དྲན་གྱི་ཡོངས་ཁྱབ་གསལ་བསྒྲགས་སུ་༧སྐྱབས་མགོན་རིན་པོ་ཆེའི་སྐུ་དབང་བརྩིས་སྤྲོད་གནང་ནས་བཀའ་ཤག་གསར་པའི་ལས་དོན་བྱ་སའི་ཁོར་ཡུག་དེ་གུ་ཡངས་པོ་ཞེ་དྲག་བཟོས་ཡོད་རེད། དེ་ལ་བརྟེན་ནས་བོད་གཞོན་ནུ་ལྷན་ཚོགས་ཀྱི་ཕྱག་ལས་གནང་ཕྱོགས་ཀྱང་ལས་སླ་རུ་ཕྱིན་ཡོད་རེད། དེ་འདྲའི་གནས་སྟངས་དེ་མུ་མཐུད་ནས་གནས་དགོས་རྒྱུ་གལ་ཆེ་པོེར་རེད་ཟེར་ནས་ཚང་མས་མཁྱེན་གསལ་བཞིན་འཁོད་ཡོད་རེད།

དེའི་ནང་དོན་༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་བརྩིས་སྤྲོད་མ་གནང་གི་བར་དུ་རང་བཙན་བརྩོད་མཁན་ཚོར་ཁོར་ཡུག་གུ་དོག་པོ་ཞེ་དྲག་ཡོད་པ་དང་། ༧གོང་ས་མཆོག་གིས་སྐུ་དབང་བརྩིས་སྤྲོད་གནང་རྗེས། རང་བཙན་བརྩོད་མཁན་ཚོར་གོ་སྐབས་གསར་བ་ཞིག་སླེབས་པ་རེད། ཟེར་བ་ལྟ་བུ་ཞིག་ཆགས་ཀྱི་འདུག ད་དུང་ཞར་ཞོར་དུ་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེར་མི་འདོད་པའི་རྣམ་འགྱུར་དང་ཟུར་ཟ་ཐོན་བསྡད་ཡོད་རེད། རྩ་བའི་ཆ་ནས་གཞོན་ནུའི་ཚོགས་མི་འགའ་རེས། ༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་བརྩིས་སྤྲོད་གནང་གི་ཡིན་ཟེར་ནས་རྒྱ་ཡིག་དང་། དབྱིན་ཡིག་ནང་གསུངས་ཀྱི་ཡོད་རེད། ག་རེ་བྱས་ནས་རང་བཙན་དང་དབུ་མའི་ལམ་གྱི་སྐོར་ལ་གསུང་གི་ཡོད་རེད། བགྲེས་ཡོལ་གནང་ཚར་དུས་དངོས་གནས་བྱས་ན་ཁ་ཁར་བཞུགས་དགོས་རེད་པ། ག་རེ་བྱས་ནས་ཇུས་ཏོག་གནང་གི་ཡོད་རེད་ཟེར་ནས། དེ་འདྲ་བརྗོད་མཁན་ཡང་ཡོད་རེད།

ཉེ་ཆར་ཨ་རིའི་ནང་དུ་གཞུང་འབྲེལ་གྱི་མཛད་སྒོའི་ལྡིངས་ཆར་གཞོན་ནུ་ལྷན་ཚོགས་ཀྱི་མཛད་གཙོ་ཁ་ཤས་ཀྱིས་སྐབས་རེ་བེད་སྤྱོད་གནང་ནས་ཕྱི་ལོག་གི་མི་དེ་ཚོས་མཛད་སྒོ་དེ་གཞུང་འབྲེལ་གྱི་ཡིན་དང་། གཞུང་འབྲེལ་གྱི་མཛད་སྒོ་ཚར་ནས་གཞོན་ལྷན་གྱི་གསུངས་བཤད་གནང་གི་ཡོད་པ་མ་ཤེས་པ་དེ་འདྲ་ཁག་གཅིག་གཉིས་བྱུང་བཞག དགོངས་པར་ཡོད་མེད་མི་ཤེས་ཀྱང་། མཐོང་ཚུལ་ལ་གཞུང་དང་གཞོན་ནུ་གཅིག་ཕན་གཅིག་གྲོགས་མཐོང་ཡག་གི་ཐབས་ལམ་འདྲ་བོ་ཆགས་བསྡད་ཡོད་རེད། ནམ་རྒྱུན་བརྒྱུད་ལམ་ཁག་ཏུ་༧སྐྱབས་མགོན་རིན་པོ་ཆེར་མཚན་སྨད་ཞུ་མཁན་གྱི་མི་ལྔ་དྲུག་ཅིག་ཡོད་རེད། དེ་ཚོའི་སྐོར་ལ་བཀའ་འདྲི་ཞུ་བའི་སྐབས་སུ། ཁོང་ཚོ་ང་ཚོའི་ལམ་སྟོན་པ་ཡིན། སློབ་དཔོན་ཡིན། ཁོང་ཚོའི་རྒྱབ་ཏུ་རྒྱུག་རྐྱང་མཆོང་རྐྱང་ཡིན་ཟེར་བའི་བཀའ་མོལ་གནང་བ་རེད་ཟེར་ནས་དེ་འདྲའི་སྐད་ཆ་བཤད་བསྡད་པ་ཡང་ཡོད་རེད།

རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་བར་གྱི་མཛད་རྣམ་ཐམས་ཅད་ལ་གཟིགས་ན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་ལོ་དྲུག་བཅུ་བར་དུ་བོད་གཞུང་གི་འཛིན་སྐྱོང་རྒྱུན་རིང་ཤོས་གནང་མཁན་དེ་ཆགས་བསྡད་ཡོད་རེད། ལོ་དྲུག་བཅུའི་བར་དུ་སྐུ་ངལ་བརྒྱ་ཕྲག་མང་པོ་བསྐྱངས་ནས། བོད་གཞུང་བོད་ལ་ཡོད་པའི་སྐབས་སུ་ཡིན་ནའང་འདྲ། བཙན་བྱོལ་དུ་འབྱོེར་ཚར་བའི་སྐབས་སུ་ཡིན་ནའང་འདྲ། གང་ལྟར་བོད་མི་ས་ཡ་དྲུག་གིས་ཁྲིམས་མཐུན་གྱི་གཞུང་ཞིག་ཏུ་བརྩིས་ཡག་དེ་དཀའ་བ་བརྒྱ་ཕྲག་མང་པོར་སྤྱད་ནས་འཛིན་སྐྱོང་གནང་བ་རེད། མ་འོངས་པ་ལ་ཡང་གནས་དགོས་རྒྱུ་ཐུགས་གལ་ཆེ་པོ་ཡིན་པ་གཟིགས་བསྡད་ཀྱི་ཡོད་རེད། རྒྱུན་གནས་དགོས་རྒྱུ་ཐུགས་གལ་ཆེ་པོ་ཡིན་པ་གཟིགས་ཙང། མིང་ལས་དོན་གཙོ་ཆེ་བ་དང་། རྒྱལ་སྤྱིར་དཀའ་རྙོག་མི་ཡོང་བའི་ཆེད་དུ་མིང་འགྱུར་བར་བཏང་གནང་བ་རེད། གང་ལྟར་སྔོན་མ་དབྱིན་ཇིའི་སྐད་ནས་གང་ལབ་བསྡད་པ་དེ་བོད་སྐད་དུ་གཅིག་མཚུངས་བྱས་ན་ཡག་པོ་ཡོད་པའི་དགོངས་འཆར་གནང་བ་རེད། དགོངས་འཆར་གནང་བ་བཞིན་གྲོས་ཚོགས་ནས་བསྒྱུར་བཅོས་བཏང་བ་རེད།

ངའི་ངོས་ནས་དེ་འདྲ་བ་དེ་༧སྐྱབས་མགོན་རིན་པོ་ཆེས་གཞུང་ཕྱིར་བསྡུས་གནང་བ་ཞིག་རེད་དྲན་གྱི་མི་འདུག སྤྱིར་བཏང་གནས་སྟངས་དེ་འདྲ་ཡོང་རྒྱུ་དེར་རྒྱབ་ལྗོངས་གང་འདྲ་ཞིག་ལ་བརྟེན་ནས་ཞིབ་འཇུག་གནང་དགོས་པ་རེད། ཞིབ་འཇུག་གནང་རྒྱུའི་རྒྱབ་ལྗོངས་དེ་གཞོན་ལྷན་གྱི་མཛད་གཙོ་བྱེ་བྲག་པ་ཞིག་དང་། གཞོན་ལྷན་གྱི་སྒྲིག་འཛུགས་གང་ཡིན་ནའང་འདྲ། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་བཞེས་པའི་སྐབས་སུ་ཡིན་ནའང་འདྲ། ཆབ་སྲིད་ཀྱི་སྐུ་དབང་བཞག་ཚར་ནས་བོད་ཀྱི་ཡུལ་མི་རང་བཞིན་པ་ཞིག་གྲུབ་གནང་བའི་རྗེས་སུ་ཡིན་ནའང་འདྲ། གང་ལྟར་ང་ཚོ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཡུལ་མི་ཁྱད་འཕགས་ཤིག་ཆགས་བསྡད་ཡོད་རེད། བསམ་ཚུལ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དེ་དག་ཕྱོགས་གཉིས་ཆ་ནས་ཕན་ཚུན་གུས་བརྩི་ཞུས་ནས་འགྲོ་དགོས་རྒྱུ་ཞིག་རེད་མ་གཏོགས། གང་ཟག་སྒེར་གྱི་སྐྱོན་དུ་བརྩིས་ནས་ཕན་ཚུན་འཁོན་འཛིན་དང་མ་གུས་པའི་རྣམ་འགྱུར། དེ་བཞིན་ཟུར་ཟ་དང་སྐྱོན་བརྗོད་བྱས་པ་ཡིན་ན་སུ་དང་སུ་ཡིན་ཡང་ཐུགས་ཕམ་དང་མ་བདེ་བ་ཡོང་རྒྱུ་རང་བཞིན་གྱི་གནས་སྟངས་ཤིག་རེད་མ་གཏོགས། སུ་ལ་ཡང་ཧ་ལས་ཧོན་ཐོར་དགོས་པ་གང་ཡང་ཡོད་མ་རེད།

ངས་གོང་དུ་ཞུས་པ་བཞིན་༧སྐྱབས་མགོན་རིན་ཆེས་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་འགྱུར་བ་གཏོང་དགོས་པ་སྔོན་མ་ཡང་གསུངས་ཡོད་མ་རེད། ད་ལྟར་ཡང་གསུང་གི་ཡོད་མ་རེད། མ་འོངས་པ་ཡང་གསུང་གནང་གི་མ་རེད། དེ་ང་ཚོས་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད། དེ་འདྲ་ཡིན་ན་གཞོན་ལྷན་གྱི་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཡོད་མ་རེད་བས་ཟེར་ན་དེ་འདྲ་མ་རེད། གཞོན་ནུ་ལྷན་ཚོགས་ཟེར་བ་དེ་ཚོགས་མི་མང་པོ་ལས་གྲུབ་པའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཤིག་རེད། སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཤིག་ནང་དུ་ལངས་ཕྱོགས་གང་འདྲ་ཞིག་ཁུར་ཡང་མང་མོས་ཐོག་འགྲོ་དགོས་རེད་མ་གཏོགས། གང་ཟག་ཁ་ཤས་ཤིག་གི་དབང་ཤུགས་ཀྱི་ཐོག་ནས་འགྱུར་བ་བཏང་སྲོལ་ཡོད་མ་རེད། མི་མང་བ་དེ་གང་སོང་བ་དེར་འགྲོ་དགོས་པ་ཞིག་རེད།

ཁ་སང་ཉེར་ཆར་གཞོན་ནུའི་ཚོགས་མི་ཞིག་གིས་ང་ལ་སྐད་ཆ་འདྲི་ཡི་འདུག ང་རང་གི་ལངས་ཕྱོགས་ནི་དབུ་མའི་ལམ་གཙང་མ་ཡིན། གཞོན་ནུའི་ལས་འགུལ་དང་ཚོགས་འདུར་འགྲོ་ཡི་ཡོད། དེ་ཏག་ཏག་བསྡོད་ཀྱི་ཡོད་རེད་པས་ཟེར་ནས་སྐད་ཆ་དྲིས་སོང་། ཏག་ཏག་སྡོད་ཀྱི་ཡོད་མེད་སོ་སོས་བསམ་བློ་གཏོང་དགོས་རེད། ཕྱི་ལོག་ལ་གཞོན་ནུ་ཡིན་མདོག་དང་ནང་ལོག་ཏུ་དབུ་མའི་ལམ་འཛིན་བསྡད་པ་ཡིན་ན། དེ་ཁྱོད་རང་སྒེར་གྱི་བསམ་པའི་འགལ་ཟླ་ཞིག་དང་ནང་གི་འཐབ་རྩོད་ཅིག་ཆགས་ཀྱི་ཡོད་རེད་ཟེར་ནས་ལབ་རྒྱུ་བྱུང་། བྱས་ཙང་། མང་གཙོའི་ལམ་ཟེར་བ་དེ་མི་མང་མང་ཤོས་ཀྱི་བསམ་ཚུལ་གང་ཡོད་པ་དེ་དང་མཉམ་དུ་སྒྲིག་འཛུགས་འགྱུར་བ་འགྲོ་ཡི་ཡོད་རེད། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་ཆ་མཚོན་ན་ཡང་མང་མོས་ཐག་གཅོད་ཀྱི་ཐོག་ནས་འགྱུར་བ་གཏོང་དགོས་བྱུང་ན་གཏོང་རྒྱུ་རེད།

དབུ་མའི་ལམ་ལ་མང་མོས་མ་བྱུང་བ་ཡིན་ན་གནས་ལུགས་བཤད་ས་གང་ཡང་ཡོད་མ་རེད། མང་མོས་ཐག་གཅོད་གང་བྱུང་བ་དེ་བྱ་རྒྱུ་རེད། ༢༠༠༨ ལོར་༧སྐྱབས་མགོན་རིན་པོ་ཆེས་གསལ་བོར་གསུངས་ཡོད་རེད། མི་མང་གིས་གང་ཐག་བཅད་པ་དེ་ང་ཚོས་བཀག་གི་མ་རེད་ཟེར་ནས་གསུངས་ཡོད་རེད། ཡིན་ཡང་ཉུང་བ་དེ་དག་གི་བསམ་བློ་འགྱུར་བ་གཏོང་དགོས་དོན་ཡོད་མ་རེད། དཔེར་ན། དབུ་མའི་ལམ་ལ་མང་མོས་ཀྱི་ལམ་ནས་འགྱུར་བ་ཕྱིན་པ་ཡིན་ན་ཡང་། ཉུང་ཤོས་ཤིག་དབུ་མའི་ལམ་དུ་བསྡད་ན་སྡོད་ཆོག་པ་དེ་མང་གཙོའི་ཐོབ་ཐང་ཞིག་རེད། ངས་གཞོན་ནུའི་གནས་བབས་ལ་ཇུས་ཏོག་བྱས་ནས་ཞུ་ཡི་མེད། ཡིན་ཡང་ལྟ་གྲུབ་ཀྱི་ཆ་ནས་༧ གོང་ས་མཆོག་གིས་གསུང་གི་ཡོད་མ་རེད་ཟེར་དུས། འགྱུར་བ་གཏོང་ཡག་མེད་པའི་དོན་དུ་གོ་དགོས་དོན་ཡོད་མ་རེད།

འདས་པའི་ལོ་མང་པོ་ཞིག་གི་རིང་གཞོན་ནུ་སྒྲིག་འཛུགས་སུ་དོན་ཚན་གཅིག་ལ་༧གོང་ས་མཆོག་གིས་གང་གསུངས་པ་དེ་སྒྲུབ་ཀྱི་ཡིན་ཟེར་བ་དང་། ཡང་དོན་ཚན་གཞན་ཞིག་ནས་སོ་སོའི་ལངས་ཕྱོགས་རང་བཙན་ཡིན་ཟེར་གྱི་ཡོད་རེད། ༧གོང་ས་མཆོག་གིས་གང་བཀའ་གནང་བ་དེ་སྒྲུབ་ཐུབ་ཀྱི་མེད་ན་འགྱུར་བ་གཏོང་དགོས་རེད་པ། སྤྱིར་བཏང་བཅའ་ཁྲིམས་འགྱུར་བ་གཏོང་རྒྱུའི་ཆ་རྐྱེན་ཞིག་སྒྲིག་གཞིའི་སྒང་ལ་ཡོད་དགོས་རེད། དེ་བརྒྱུད་ནས་གང་མི་ཐུབ་པ་དེ་འགྱུར་བ་བཏང་ན། བསམ་བློ་དང་སྒྲིག་གཞི་གཉིས་ནང་འགལ་ཆགས་ཀྱི་མ་རེད། ཕྱི་ལོག་གི་མི་རྒྱུས་ཡོད་མཁན་ཞིག་གིས་ནང་འགལ་ལྟ་བུར་མཐོང་བ་ཡིན་ན། སྒྲིག་འཛུགས་ཀྱི་ཚད་མའི་གནས་བབས་དེ་ལ་སྐྱོན་འགྲོ་ཡི་ཡོད་རེད་བསམ་གྱི་འདུག དེང་དུས་ཀྱི་གནས་བབས་དེ་ཕྱི་གསལ་ནང་གསལ་འགལ་བ་མེད་པ་ཡིག་འབྲུ་དང་དོན་མཐུན་པ་བྱུང་ན་ཚད་མ་རེད་ཟེར་གྱི་རེད།

མདོར་ན་ངས་གསལ་བཤད་ཞུ་རྒྱུ་གཙོ་བོ་ནི་༧གོང་ས་མཆོག་གཞོན་ནུ་ཚོགས་ཆེན་དུ་ཞབས་སོེར་མ་འཁོད་པ་དང་མཇལ་ཁ་མ་གནང་བའི་རྒྱུ་མཚན་ལ་བརྟེན་ནས་གཞོན་ལྷན་གྱི་སྒྲིག་འཛུགས་ཏག་ཏག་འགྲོ་མ་ཐུབ་པ་དང་། གྲོས་ཆོད་འཇོག་རྒྱུ་དང་རྒྱུན་ལས་འདེམས་རྒྱུ་ལ་འཐུས་ཤོར་ཕྱིན་པ་ཡིན་ན། དེ་ཁྱད་མཚར་བོ་ཞེ་དྲག་རེད། ཁྱད་མཚར་བོ་ཡིན་པ་ཙམ་དུ་མ་ཟད་གཞོན་ནུ་ཐོར་བ་རེད་ཟེར་ཡག་གི་ངན་ཁག་ཆ་ཚང་སྤུངས་ཡག་གི་བང་འདྲ་བོ་དེ་༧རྒྱལ་བ་རིན་པོ་ཆེའི་སྒང་ལ་བསྒྲིགས་བསྡད་ཡོད་རེད། གང་ཡིན་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་མང་པོ་ཞིག་གནང་བ་རེད། དེ་ལ་བརྟེན་ནས་ཁ་ཤས་ཚོགས་འདུར་མ་ཡོང་བ་དང་རྒྱུན་ལས་འདེམས་མ་ཐུབ་པ་རེད་ཟེར་བ་སོགས་ལྟ་བུར་བྱུང་ན། སྤྱི་བཏང་བོད་མི་རིགས་ཀྱི་གནས་བབས་ལ་ཡང་ཁག་པོ་རེད།

ཁ་སང་དགའ་ལྡན་ཕོ་བྲང་ལས་ཁུངས་ནས་གནང་བའི་བཀའ་ལེན་ནང་དུ། མིི་རིགས་སུ་དང་སུ་ཡིན་ཡང་གཞོན་ནུ་སྒྲིག་འཛུགས་དེ་གལ་ཆེན་པོར་བརྩི་ཡི་ཡོད་པ་ནང་བཞིན་ང་ཚོ་བོད་པའི་གཞོན་ནུ་སྒྲིག་འཛུགས་དེ་ཡང་གལ་ཆེན་པོར་བརྩི་དགོས་པ་གསལ་བོར་འཁོད་ཡོད་རེད། ཐོག་མའི་གནས་སྐབས་སུ༧གོང་ས་མཆོག་གིས་དངོས་ཤུགས་བརྒྱུད་གསུམ་ནས་གཟིགས་སྐྱོང་དང་མཐུན་འགྱུར། དཔལ་འབྱོར་གྱི་རྒྱབ་སྐྱོར་སོགས་མང་པོ་ཞིག་གནང་ཡོད་རེད། དེ་ལ་བརྟེན་ནས་གཞོན་ནུ་ལྷན་ཚོགས་དེ་སྤྱི་ཚོགས་ནང་ལ་ཡང་མཚན་མཐོང་ཆེན་པོར་ཆགས་ཡོད་རེད། ཡིན་ཡང་བར་ལམ་ཞིག་ཏུ་རྩ་བའི་དམིགས་ཡུལ་ལ་འགྱུར་བ་ཕྱིན་པ་ཡིན་ནའང་འདྲ། གང་ལྟར་༧རྒྱལ་བ་རིན་པོ་ཆེ་དང་ལྟོས་མེད་ཀྱིས་ཕྱག་ལས་གནང་ཕྱོགས་མང་པོ་བྱུང་ཡོད་པ་དེའི་དབང་གིས། མཇལ་ཁ་ཞུས་པ་ཡིན་ཡང་དགོས་པ་རྒྱུ་མཚན་ཡོད་རེད་པས་ཞེས་གསུངས་དགོས་པའི་གནས་སྟངས་དེ་འདྲ་བྱས་ནས་ཆགས་སྡོད་ཀྱི་ཡོད་རེད།

དེ་འདྲ་སོང་ཙང་། སྒྲིག་འཛུགས་དེ་ཚང་མས་གལ་ཆེན་པོར་ངོས་ལེན་གནང་དགོས་རྒྱུ་དང་། སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ན་ཡང་ སྒྲིག་འཛུགས་ནང་དུ་བསྡད་ནས་འགྱུར་བ་གཏོང་རྒྱུ་ཡི་ཐབས་ཤེས་བྱེད་དགོས་ཀྱི་རེད། གང་ལྟར་སྒྲིག་འཛུགས་ལ་ཡོད་མཁན་ཚོས་ཀྱང་སོ་སོའི་བསམ་བློ་འཁྱེར་ཕྱོགས་དང་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་འགལ་ཟླ་མེད་པ་ཞིག་བྱུང་བ་ཡིན་ན་སྒྲིག་འཛུགས་དེ་དེང་དུས་ཀྱི་ཚད་མ་ཞིག་ཆགས་ཀྱི་རེད། ༧སྐྱབས་མགོན་རིན་པོ་ཆེ་མཇལ་ཁ་དང་ཚོགས་ཕེབས་མ་གནང་པ་དེ་ཆབས་སྲིད་ཚོགས་པ་ཚང་མ་ལ་གཅིག་མཚུངས་ཡིན་སྟབས་དམིགས་གསལ་འདྲོག་དགོས་དོན་ཡོད་མ་རེད། དེ་དོན་ཚན་གཅིག་རེད།

དོན་ཚན་གཞན་པ་གཞོིན་ནུ་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པ་ཁ་ཤས་ཀྱིས་བར་ལམ་ལོ་ལྔ་དྲུག་གི་རིང་ཕྱག་ལས་གནང་ཕྱོགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་གནང་དགོས་ཀྱི་གཞི་རྩ་མང་པོ་བྱུང་ཡོད་རེད་ལ་བྱུང་ཡོད་པ་ཁས་ལེན་གནང་རྒྱུ་དེ་ཡང་གལ་ཆེ་པོ་རེད། ཡིན་ཡང་མ་འོངས་པ་ལ་དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་སྒྲིག་འཛུགས་ཉམ་ཆགས་འགྲོ་དགོས་རྒྱུ་ཡི་གནས་སྟངས་གང་ཡང་ཡོད་མ་རེད། ནོར་བ་ལ་ནོར་བར་གཟིགས་ནས་བཅོས་དགོས་ཡོད་རེད།

མཇལ་ཁ་དང་ཚོགས་ཕེབས་མ་གནང་བ་ཙམ་གྱི་རྒྱ་མཚན་ལ་བརྟེན་ནས་གཞོན་ནུ་སྐབས་༡༥ པའི་ཚོགས་ཆེན་འདི་སྔོན་མ་ནང་བཞིན་ལས་རིམ་ཡོངས་རྫོགས་འགྲོ་མ་ཐུབ་པ་ཡིན་ན་འགྲིག་ཐབས་མེད་པ་ཞིག་རེད། གལ་སྲིད་དེ་ལྟར་མ་བྱུང་བ་ཡིན་ན་ཡང་། དེ་གཞོན་ནུ་ལྷན་ཚོགས་ཀྱི་ཐུགས་འགན་ཞིག་རེད་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་ལ་ལབ་ས་རྩ་བ་ནས་ཡོད་མ་རེད། དེ་གསལ་བོར་བཟོ་རྒྱུ་གལ་ཆེ་པོ་རེད་འདུག ཡག་པོར་ཆགས་ན་ཁྱོད་རང་ཚོའི་སྟོབས་དང་གཟི་བརྗིད་རེད། སྡུག་པོར་ཆགས་ན་ཡང་ཁྱོད་རང་ཚོས་བཟོས་གནང་བ་ཞིག་རེད་མ་གཏོགས་དངོས་ཤུགས་བརྒྱུད་གསུམ་དུ་༧སྐྱབས་མགོན་རིན་པོ་ཆེ་དང་དགའ་ཕོ་བྲང་ནས་བཟོས་བཞག་པ་ཞིག་ཡོད་མ་རེད། དེ་ཚང་མས་ཐུགས་ལ་བཞག་དགོས་པ་རེད། ཐུགས་རྗེ་ཆེ་ཞེས་གསུངས།།
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༠༢༠༡༣༠༨༠༣
ཀུན་དགའ།
གཟིགས་པ་པོ་ཡོངས་ཀྱི་སྤྱན་ལམ་དུ། ལྕག་འབག་འོག་ནས་ཕྱི་མ་མངོན་པའི་ངོ་བོ་ནི་ད་ལན་གཞོན་ནུའི་ཚོགས་ཆེན་གྱི་དཀའ་གནད་འདི་རེད། ཕྱིར་མངོན་པའི་རྣམ་པ་ནི་དེའི་འདུན་སྒྲིག་ལྟ་བུ་འདི་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།